གཟའ་ཟླ་བ། ༢༠༡༨ ཟླ་༡ པའི་སྤྱི་ཚེས་༢༡

ཏཱ་ར་ཡ་ན་གཞི་ཚོགས་ཀྱིས་ མ་དངུལ་གྱི་རྒྱབ་སྐྱོར་ཐོབ་ཡོདཔ།

སྤྱི་ཟླ་༡ པའི་ཚེས་ ༡༡ ༢༠༡༨

༉ དུས་ཅི་ ལོ་བར་ཁམས་ཅིག་ལས་ རྫོང་ཁག་༥་གི་མི་སེར་ཚུ་གིས་ མི་དང་རི་དྭགས་སེམས་ཅན་གྱི་བར་ན་ སྟབས་མ་བདེཝ་འཐོན་མི་དང་ འཐུང་ཆུ་དང་འབྲེལ་བའི་དཀའ་ངལ་ཚུ་ སེལ་ནི་གི་དོན་ལས་ འོས་འབབ་ཚུ་བལྟ་ཚུགས་ནི་ཨིན་མས།

འདི་ཡང་ གྲོང་གསེབ་ཀྱི་ས་གནས་ཚུ་ནང་ལས་ཕར་ གནད་དོན་འདི་དང་འབྲེལ་བའི་ དཀའ་ངལ་ཚུ་སེལ་ནི་གི་དོན་ལས་ ཁ་ཙ་ ཐིམ་ཕུག་ལུ་སྦེ་ འབྲུག་རང་བཞིན་གནས་སྟངས་ཉམས་སྲུང་བློ་གཏད་མ་དངུལ་ གྱིས་ དངུལ་ཀྲམ་ས་ཡ་༡༢་བྱིན་ཏེ་ཡོད་མི་ལུ་བརྟེན་ཏེ་ཨིན་མས།

ལས་འགུལ་འདི་གིས་ ཧཱ་དང་ལྷུན་རྩེ་ དེ་ལས་ མོང་སྒར་དང་བསམ་རྩེ་ འདི་བཟུམ་སྦེ་ གསར་སྤང་རྫོང་ཁག་ཚུ་ནང་གི་ གཡུས་ཚན་༡༥་གི་ནང་ལུ་ བཟའ་འཐུང་ཉེན་སྲུང་དང་འབྲེལ་བའི་ གནད་དོན་ཚུ་སེལ་ནི་དང་ ལྕོགས་གྲུབ་ཡར་རྒྱས་བཏང་ནི་ལུ་ གཙོ་རིམ་བཟུང་ནི་ཨིན་མས།

རྫོང་ཁག་༥་གི་ནང་ལས་ གཡུས་ཚན་ཚུ་ཡང་ མི་སྡེའི་དཔལ་འབྱོར་གྱི་གནས་སྟངས་ སྒྲིང་སྒྲིང་མེད་མི་ལུ་གཞི་བཞག་སྟེ་ ངོས་འཛིན་འབད་ནུག

ཏཱ་ར་ཡ་ན་གཞི་ཚོགས་ནང་ལས་ མདོ་ཆེན་བསོད་ནམས་པདྨོ་གིས་སླབ་མི་ནང་ ཁོང་གིས་ མི་སྡེ་ནང་ལས་ཕར་ གློག་མེ་རཝ་བསྒོར་ནི་ལུ་ རྒྱབ་སྐྱོར་འབད་ནི་ཟེར་ཨིནམ་ད་ འདི་ཡང་ ད་རེས་ རྒྱལ་ཁབ་ནང་ལུ་ མི་དང་རི་དྭགས་སེམས་ཅན་གྱི་བར་ན་ སྟབས་མ་བདེཝ་འཐོན་མི་ལུ་བརྟེན་ མི་སེར་ཚུ་ལུ་ བཟའ་འཐུང་མ་ལང་པའི་དཀའ་ངལ་ འཐོན་ཡོད་མི་ལུ་བརྟེན་ཏེ་ཨིན་ཟེར་བཤད་ཅི།

ད་རུང་ ལས་འགུལ་འདི་ནང་ལུ་ འཐུང་ཆུའི་དཀའ་ངལ་སེལ་ནི་དང་ འཚོ་བའི་གནས་སྟངས་དང་འབྲེལ་བའི་ གོ་སྐབས་ཚུ་ ཡར་དྲག་བཏང་ནི་ལུ་ཡང་ གཙོ་རིམ་བཟུང་ནི་ཨིནམ་ད་ ལས་འགུལ་འདི་ཡང་ ལོ་༣གྱི་དོན་ལས་ཨིན་མས།

 འདི་བཟུམ་སྦེ་ ད་ས་དྲོ་པ་ འབྲུག་རང་བཞིན་གནས་སྟངས་ཉམས་སྲུང་བློ་གཏད་མ་དངུལ་གྱིས་ པདྨ་དགའ་ཚལ་རྫོང་ཁག་ནང་ལུ་ སྐྱེ་ལྡན་ཉམས་སྲུང་གི་དོན་ལུ་ གོང་འཕེལ་འཆར་གཞི་སྒྲིག་ནི་དང་ རྫོང་ཁག་འདི་ནང་ མི་དང་རི་དྭགས་སེམས་ཅན་གི་བར་ན་ སྟབས་མ་བདེཝ་འཐོན་པའི་ ས་གནས་ཚུ་ངོས་འཛིན་འབད་ནི་ཟེར་བའི་ དོན་ཚན་གྱི་ཐོག་ལུ་ སོ་ནམ་དང་ནགས་ཚལ་ལྷན་ཁག་འོག་གི་ ནགས་ཚལ་དང་གླིང་ག་ཞབས་ཏོག་ལས་ཁུངས་དང་གཅིག་ཁར་ མ་དངུལ་གྱི་ཆིངས་ཡིག་གུར་ མཚན་རྟགས་བཀོད་དེ་ཡོདཔ་ཨིན།

ཟད་འགྲོ་དངུལ་ཀྲམ་ས་ཡ་༧་ལྷགཔ་ཅིག་གནས་པའི་ ལས་འགུལ་འདི་གིས་ སྐྱེ་ལྡན་གནས་སྟངས་འཛིན་སྐྱོང་འཐབ་ནི་ལུ་ ལྷན་ཐབས་འབྱུང་ནི་ཨིནམ་ད་ ལས་འགུལ་འདི་ཡང་ ཏཱ་ར་ཡ་ན་གཞི་ཚོགས་ཀྱིས་ འགོ་འདྲེན་འཐབ་ནི་ཨིན་མས།