གཟའ་ཟླ་བ། ༢༠༡༨ ཟླ་༡ པའི་སྤྱི་ཚེས་༢༡

ཐིམ་ཕུག་ཁྲིམས་སྲུང་འགག་པ་གིས་ སྨྱོ་རྫས་དང་འབྲེལ་བའི་གནད་དོན་མཐོ་ཤོས་ཅིག་བདའ་ཟུན་ཡོདཔ།

སྤྱི་ཟླ་༡ པའི་ཚེས་ ༨ ༢༠༡༨

༉ ཐིམ་ཕུག་གི་ཁྲིམས་སྲུང་འགག་པ་གིས་ ན་ཧིང་ སྨྱོ་རྫས་དང་འབྲེལ་བའི་གནད་དོན་ནང་ལུ་ མི་༦༠༠་མ་ལངམ་ཅིག་ བཟུང་ནུག

འདི་ཡང་ ཁྲིམས་སྲུང་འགག་པ་དང་འཁྲིལ་བ་ཅིན་ ད་ལྟོ་ཚུན་ཚོད་ འདི་བཟུམ་གྱི་གནད་དོན་ནང་ལུ་ མི་དེ་སྦེ་བདའ་ཟུན་མི་འདི་ མཐོ་ཤོས་ཅིག་ཨིན་ཟེར་བཤད་ཅི།

སྤྱི་ལོ་༢༠༡༧་ལུ་ སྨྱོ་རྫས་དང་འབྲེལ་བའི་གནད་དོན་ ཁག་༢༨༧་ཐོ་བཀོད་འབད་ས་ལས་ མང་ཤོས་ཅིག་རང་ སྨྱོ་རྫས་ཨེསི་པི་པཱ་ལསི་ལོག་སྤྱོད་དང་ ནག་ཚོང་འཐབ་མི་གི་གནད་དོན་ཚུ་ཨིན་མས།

སྟེ་ ཁྲིམས་སྲུང་འགག་པ་གིས་ སྨྱོ་རྫས་ཨེསི་པི་པཱ་ལསི་ཕུད་རྡོག་སྟོང་ཕྲག་༥༠་ལྷགཔ་ཅིག་ གཞུང་བཞེས་འབད་དེ་ཡོདཔ་ད་ གཞན་མི་གནད་དོན་འདི་ སྨྱོ་རྫས་ཀོ་རེསི་དང་ ཀེ་ཧང་ཚུ་དང་འབྲེལ་བ་ཡོད་པའི་གནད་དོན་ཚུ་ཨིན་མས།

ཁྲིམས་སྲུང་འགག་པ་གིས་ སྨྱོ་རྫས་དང་འབྲེལ་བའི་གནད་དོན་ནང་ལུ་ བདའ་ཟུན་མི་དོགས་པ་ཅན་༡༦༦་འདི་ ཁྲིམས་ཀྱི་འདུན་ས་ལུ་བཏང་ནུག

ཨིན་རུང་ གཞན་མི་ཚུ་ སྨན་བཅོས་དང་ཀུན་སྤྱོད་བསྐྱར་གསོ་གི་དོན་ལས་ འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་ནང་ལུ་བཏང་སྟེ་འདུག

དུས་ཅི་གི་ལོ་གསརཔ་ཚེས་པའི་ཤུལ་མ་ བདུན་ཕྲག་དང་པའི་ནང་འཁོད་རང་ ཐིམ་ཕུག་གི་ཁྲིམས་སྲུང་འགག་པ་གིས་ སྨྱོ་རྫས་དང་འབྲེལ་བའི་གནད་དོན་ལས་བརྟེན་ཏེ་ དོགས་པ་ཅན་༡༥་བཟུང་ནུག

ཁོང་༡༥་གི་གྲལ་ལས་ ༨་འདི་ ད་ལྟོ་དོ་དམ་འོག་ལུ་ཡོདཔ་ད་ གཞན་མི་༧་འདི་ འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་ནང་ལུ་ བཏང་སྟེ་ཡོདཔ་ཨིན་མས།

ཁོང་དོགས་པ་ཅན་ཆ་ཁྱབ་ཀྱི་ནང་ལས་ སྨྱོ་རྫས་ཨེསི་པི་པཱ་ལསི་ཕུད་རྡོག་༡༧༠༠་དེ་ཅིག་དང་ནའི་ཀྲོ་སཱན་༨༠་ལྷགཔ་ཅིག་ གཞུང་བཞེས་འབད་ནུག

གནད་དོན་འདི་ཚུ་ཡང་ གསང་བའི་སྙན་ཞུ་ཐོབ་པའི་ཤུལ་ བདའ་ཟུན་ཡོདཔ་ཨིན་མས།