གཟའ་སྤེན་པ། ༢༠༡༨ ཟླ་༡༠ པའི་སྤྱི་ཚེས་༡༩

ཅི་ར་ཏ་ཟེར་མི་ སྔོ་སྨན་ལས་བརྟེན་ཏེ་ ལའུ་རི་རྒེད་གི་མི་སེར་ཚུ་ལུ་ འོང་འབབ།

སྤྱི་ཟླ་༡ པའི་ཚེས་ ༥ ༢༠༡༨

༉ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ ལའུ་རི་རྒེད་འགོ་ནང་ལུ་ ཅི་ར་ཏ་བཙུགས་ནི་གི་ལཱ་ཚུ་ འཆར་གཞི་དང་འཁྲིལ་ཏེ་རང་འགྱོ་བ་ཅིན་ མ་འོངས་པའི་ནང་ རྒེད་འོག་འདི་ནང་གི་མི་སེར་ཚུ་གིས་ ཅི་ར་ཏ་ཚུ་ ཚལ་མ་ནང་ལས་ བསྡུ་མི་དགོ་ནི་ཨིན་མས།

འདི་ཡང་ ད་རེས་ནངས་པ་ རྒེད་འོག་འདི་ནང་གི་ མི་སེར་ལ་ལོ་ཅིག་གིས་ ཅི་ར་ཏ་་ཚུ་ རང་སོའི་སྒོའི་རྩ་བར་ བཙུགས་ཏེ་ཡོད་མི་ལུ་བརྟེན་ཏེ་ཨིན་མས།

ཅི་ར་ཏ་ཟེར་མི་འདི་ སྔོ་སྨན་གྱི་རིགས་ཨིནམ་ད་ སྔོ་སྨན་འདི་ རྒེད་འོག་འདི་ནང་ལུ་ འོང་འབབ་བཟོ་སའི་ ཐོན་སྐྱེད་གཙོ་བོ་ཅིག་ཨིན་མས།

མི་སེར་ཚུ་གིས་ཅི་ར་ཏ་འཛུགས་སྐྱོང་འཐབ་ནི་གི་ལཱ་འདི་ཡང་ ནགས་ཚལ་ནང་ལུ་ ཅི་ར་ཏ་ཚུ་ཉམས་འགྱོ་དོ་ཡོདཔ་སྦེ་ མཐོང་པའི་ཤུལ་མ་ ན་ཧིང་ལས་བཙུགས་ནི་ འགོ་བཙུགས་ནུག

 ཅི་ར་ཏ་བཙུགས་ནི་གི་ལཱ་འདི་ཡང་ ཐིམ་ཕུག་ འོད་གསལ་སྤང་དང་ མོང་སྒར་ ཝེང་མཁར་ལུ་ཡོད་པའི་ ཞིབ་འཚོལ་དང་གོང་འཕེལ་ལྟེ་བ་གིས་ སྤྱི་ལོ་༢༠༡༥་ལུ་ ཁྱིམ་གུང་པ་༧་ནང་ མོ་བཏབ་ཀྱི་ཐོག་ལས་ འཛུགས་སྐྱོང་འཐབ་ནི་ འགོ་བཙུགས་ནུག

ཨིན་རུང་ ད་རེས་ རྒེད་འོག་འདི་ནང་ ཅི་ར་ཏ་འཛུགས་སྐྱོང་འཐབ་མི་ ཁྱིམ་གུང་པ་༦༠་ལུ་ཡར་སེང་སོང་སྟེ་འདུག

རྒེད་འགོ་འདི་ནང་གི་མི་སེར་ཚུ་གིས་སླབ་མི་ནང་ ཅི་ར་ཏ་འཛུགས་སྐྱོང་འབད་མི་ལས་བརྟེན་ཏེ་ འོང་འབབ་བཟོ་ནི་གི་ འོས་འབབ་སྦོམ་སྦེ་རང་ འདུག་ཟེར་བཤད་ཅི།

སྔོ་ཤིང་འདི་ མི་ཚུ་གིས་ སྨན་བཟོ་ནི་ནང་ ལག་ལེན་འཐབ་དོ་ཡོདཔ་ད་ འདི་གིས་ དྲོད་འབར་རྐྱབ་མི་དང་ ཆབ་གསང་བཀག་ནི་ དེ་ལས་ བཞེས་སྒོ་ཁམས་མ་དྭངས་མི་ཚུ་ལུ་ ཕན་ཐོགས་བྱུངམ་ཨིན་མས།