གཟའ་སྤེན་པ། ༢༠༡༨ ཟླ་༡༠ པའི་སྤྱི་ཚེས་༡༩

ལོ་ཐོག་དང་འབྲེལ་བའི་ དཀའ་ངལ་གྱི་ཐབས་ལམ།

སྤྱི་ཟླ་༡༢ པའི་ཚེས་ ༥ ༢༠༡༧

༉ རྩི་རང་རྫོང་ཁག་ནང་ལུ་ མི་སེར་སོ་ནམ་པ་ཚུ་ལུ་ ལས་མི་མ་ལང་པའི་དཀའ་ངལ་དང་ ཐོན་ཤུགས་ལེགས་ཤོམ་མེད་པའི་སྐབས་ དེ་ལས་ ཞིང་ཆུ་མ་ལང་པའི་ གདོང་ལེན་ཚུ་འབྱུང་སྟེ་ ཁོང་རའི་སོ་ནམ་ལཱ་ལས་བརྟེན་ཏེ་ འོང་འབབ་བཟོ་མ་ཚུགས་པར་སྡོད་པའི་སྐབས་ལུ་ ལ་ལུ་ཅིག་གིས་ འོང་འབབ་བཟོ་སའི་ ཐབས་ལམ་གཞན་ཚུ་བཏོན་ཏེ་ཡོདཔ་ཨིན།

འདི་ཡང་ ཟཝ་བརྔོ་སྟེ་ བྲམ་ཕུག་ཁྲོམ་ཁ་ལུ་ ཚོང་འབྲེལ་འཐབ་མི་འདི་གིས་ འོང་འབབ་ལེགས་ཤོམ་བཟོ་ཚུགས་དོ་ཡོདཔ་ཨིན་མས།

རྩི་རང་རྫོང་ཁག་ རང་ཐང་གླིང་རྒེད་འོག་ དར་འཕྱར་སྒང་གཡུས་ཚན་ནང་ལས་ ཟཝ་ལཱ་འབད་མོ་ཚུ་གིས་སླབ་མི་ནང་ ཟཝ་བརྔོ་ནི་གི་ལཱ་འདི་ འཇམ་ཏོང་ཏོ་ཅིག་མིན་འདུག་ཟེར་ཨིན་མས།

འདི་ཡང་ མོ་གིས་ ཟཝ་བརྔོ་ནི་དོན་ལུ་ དྲོ་པ་ཆུ་ཚོད་༤་མ་ལངམ་ཅིག་ལས་རང་ ལོང་སྟེ་ལཱ་ཚུ་འབད་དགོ་དོ་ཡོདཔ་ཨིན་མས།

ཨིན་རུང་ ཁོང་ཆ་ཁྱབ་ཀྱིས་སླབ་མི་ནང་ ལཱ་རྩ་འགེངས་ཏེ་འབད་བའི་མཐའ་མ་ གྲུབ་འབྲས་ལེགས་ཤོམ་ཐོན་དོ་ཡོདཔ་དང་ འདི་ཡང་ ཟླཝ་རེ་ནང་ འོང་འབབ་ དངུལ་ཀྲམ་སྟོང་ཕྲག་༡༥་ལྷགཔ་རེ་ བཟོ་ཚུགས་པས་ཟེར་བཤད་ཅི།

ཁོང་ཆ་ཁྱབ་ཀྱིས་ ཟཝ་བརྔོ་མི་ཚུ་ བྲམ་ཕུག་ཁྲོམ་གྱི་ ཚོང་ཁང་ཚུ་ནང་ལས་ཕར་ བཀྲམ་དོ་ཡོདཔ་མ་ཚད་ བདུན་ཕྲག་ངལ་གསོའི་སྐབས་ལུ་ ཚོད་བསྲེ་ཁྲོམ་ཁ་ལུ་ཡང་ བཙོང་དོ་ཡོདཔ་ཨིན།

ཟཝ་བརྔོ་ནི་གི་དོན་ལུ་ ཐབ་ཤིང་མ་ཐོབ་པའི་སྐབས་ལུ་ ཁོང་རའི་ ཨེ་ཕྱེ་དང་ ཁོང་རའི་ ལྡུམ་ར་ནང་ལས་ཐོན་པའི་ ཚོད་བསྲེ་ཚུ་ བཙོང་དོ་ཡོདཔ་ཨིན།