གཟའ་ཕུར་བུ། ༢༠༡༨ ཟླ་༧ པའི་སྤྱི་ཚེས་༡༨

ཨ་ལོའི་བཅེས་སྐྱོང་ལྟེ་བ་༡༢གཞི་བཙུགས།

སྤྱི་ཟླ་༡༠ པའི་ཚེས་ ༡༩ ༢༠༡༧

༉ སྣུམ་འཁོར་ལམ་བདའ་སྟེ་ལཱ་འབད་མི་ཚུ་ མི་སྡེ་ནང་ལུ་ ཁག་ཆེ་ཤོས་ཅིག་ཨིན་ཏེ་འབད་རུང་ ཁོང་ཆ་ཁྱབ་ལུ་ མཐུན་རྐྱེན་ཉུང་སུ་ཅིག་ལས་འགལ་མེད་པར་ གནམ་གཤིས་གནས་སྟངས་ སྐྱོ་དྲག་ག་དེ་ཅིག་ཡོད་རུང་ རྩ་འགེངས་ཏེ་ར་ལཱ་འབད་དོ་ཡོདཔ་ཨིན།

ཞིབ་འཚོལ་ཅིག་འབད་དེ་ཡོད་མི་སྙན་ཞུ་དང་འཁྲིལཔ་ད་ ཁོང་གི་ཨ་ལོ་ཚུ་ ཟས་བཅུད་དང་ གསོ་བའི་རྒྱུན་སྐྱོང་ དེ་ལས་ འབྲེལ་མཐུན་གྱི་ མཐུན་རྐྱེན་ལ་སོགས་པ་ཚུ་ ག་ནི་ཡང་མེདཔ་སྦེ་ སྦོམ་འགྱོ་དགོ་དོ་ཡོདཔ་སྦེ་མཐོང་ནུག

བློན་ཆེན་དྲགས་ཤོས་ཚེ་རིང་སྟོབས་རྒྱས་ཀྱིས་གསུང་མི་ནང་ ཞབས་ཏོག་ལྷན་ཁག་གིས་ བྱང་ཤར་དང་ ནུབ་ཀྱི་བར་ནའི་ གཞུང་ལམ་བདའ་སྟེ་ ཨ་ལོའི་བཅེས་སྐྱོང་ལྟེ་བ་༡༢གཞི་བཙུགས་འབད་ནི་ཨིནམ་དང་ འདི་བཟུམ་གྱི་ལྟེ་བ་འགོ་དང་པ་འདི་ མགྱོགས་པ་ར་ གཞི་བཙུགས་འབད་འོང་ཟེར་གསུང་ཡི།

སྣུམ་འཁོར་ལམ་བདའ་སྟེ་ ལཱ་འབད་མི་ཕམ་ཚུ་གིས་སླབ་མི་ནང་ ཨ་ལོའི་བཅེས་སྐྱོང་ལྟེ་བ་ཡོད་པ་ཅིན་ ཨ་ལུ་དང་ཕམ་གཉིས་ཆ་རང་ལུ་ སྟབས་བདེ་ཏོག་ཏོ་ འགྱོ་ནི་ཨིནམ་མ་ཚད་ ད་རེས་འདི་བཟུམ་གྱི་ མཐུན་རྐྱེན་ཅིག་མེད་པའི་བསྒང་ལཧ་ ལོ་ཚུ་ ཐལཝ་ནང་ལས་ཕར་བཞག་དགོཔ་མ་ཚད་ ལམ་ཁར་ལུ་ ཐུག་རྐྱེན་ཡང་བྱུང་ནི་གི་ཉེན་ཁ་འདུག་ཟེར་བཤད་ཅི།

ཞིབ་འཚོལ་དང་འཁྲིལཔ་ད་ ཨ་ལོ་འདི་ཚུ་ སྦྱང་བ་ག་ནི་ཡང་མེད་པར་ སློབ་གྲྭ་ནང་འགྱོཝ་ལས་ གྲུབ་འབྲས་ལེགས་ཤོམ་ཅིག་ མི་ཐོབ་དོ་ཡོདཔ་སྦེ་མཐོང་ནུག

འདི་བཟུམ་འབད་ ཁོང་གི་ཕམ་ཚུ་གིས་ཡང་ རེ་བ་གནམ་མེད་ས་མེད་ཅིག་མེད་པར་ དེ་སྦེ་ར་ལུས་ནི་འདི་གིས་ ཁོང་གི་ཨ་ལོའི་སྐབས་ལུ་ཡང་ དེ་སྦེ་ར་ལུས་ཏེ་ཡོདཔ་སྦེ་མཐོང་ནུག

ཨིན་རུང་ གཞུང་གི་འཆར་གཞི་འདི་ ལེགས་ཤོམ་སྦེ་གྲུབ་འདྲཝ་ཅིག་འབད་བ་ཅིན་ ཁོང་གི་ མི་ཚེ་གནས་སྟངས་འདི་ འགྱུར་བཅོས་འགྱོ་ནི་བཟུམ་སྦེ་མཐོངམ་ཨིན་མས།

ཤེས་རིག་བློན་པོ་ནོར་བུ་དབང་ཕྱུག་གིས་གསུང་མི་ནང་ སྤྱི་འོག་རེ་གི་ནང་ལུ་ ཨ་ལོའི་བཅེས་སྐྱོང་ལྟེ་བ་ ལོ་༥དང་༦གི་ནང་འཁོད་ལུ་ ཁྱབ་ཚད་བརྒྱཆ་༡༧ལས་ བརྒྱ་ཆ་བརྒྱ་ཐམས་པ་ལུ་ ཡར་སེང་འབད་ནི་གི་འཆར་གཞི་ཡོད་ཟེར་གསུང་ཡི།

འོས་འབབ་བརྟག་ཞིབ་དང་འཁྲིལཔ་ད་ ལམ་སེལ་ལས་ཁུངས་ཀྱི་ཁ་ཐུག་ལས་ ཨ་ལོའི་བཅེས་སྐྱོང་ལྟེ་བ་ གཞི་བཙུགས་འབད་དགོཔ་སྦེ་ རྒྱབ་སྣོན་འབད་ཡོདཔ་མ་ཚད་ ཨ་ལོའི་ཕམ་ཚུ་ལུ་ཡང་ ཁོང་གི་ཨ་ལོ་ཚུ་ལུ་ ཤེས་ཡོན་བྱིན་དགོཔ་ཁག་ཆེ་བའི་སྐོར་ལས་ གོ་བརྡ་སྤེལ་དགོཔ་ཡོདཔ་སྦེ་མཐོང་ནུག

ད་རེས་ རྒྱལ་ཁབ་ནང་འཁོད་ལུ་ རྒྱལ་ཡོངས་ལས་མི་ སྟོང་ཕྲག་༢ལྷགཔ་ཅིག་ཡོདཔ་ཨིན།