གཟའ་ཉི་མ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༦

མོང་སྒར་ལུ་ མངར་ཟས་བཟོ་ནི་གི་ སྦྱོང་བརྡར་ལས་རིམ།

སྤྱི་ཟླ་༡༠ པའི་ཚེས་ ༧ ༢༠༡༧

༉ རྒྱལ་བཙུན་ལས་འགུལ་གྱི་འོག་ལུ་ གྲོགས་རམ་འཐོབ་མི་ཚུ་གིས་ ཤིང་འབྲས་ལས་བརྟེན་པའི་ མངར་ཟས་གུ་རམ་གྱི་ཐོན་སྐྱེད་ཚུ་ ཁོང་རང་གིས་སྦེ་བཟོ་སྟེ་ ཚོང་འབྲེལ་འཐབ་ནི་ལུ་ བརྩོན་ཤུགས་སྐྱེདཔ་ཨིན་མས།

འདི་གི་དོན་ལུ་ ཁོང་ཆ་ཁྱབ་ཀྱིས་ མོང་སྒར་ལུ་ ཉིན་གྲངས་༣་གྱི་རིང་ ཁོང་རང་གིས་སྦེ་ མངར་ཟས་གུ་རམ་བཟོ་ནི་གི་ སྦྱོང་བརྡར་ལས་རིམ་ཅིག་ནང་ གྲལ་ཁར་གཏོགས་ཅི།

སྦྱོང་བརྡར་འདི་ནང་བཅའ་མར་གཏོགས་མི་ཚུ་གིས་སླབ་མི་ནང་ རྒྱལ་བཙུན་ལས་འགུལ་གཞི་བཙུགས་འབད་མི་ལས་བརྟེན་ཏེ་ ཚོང་ཉོ་མི་ཚུ་གིས་ཡང་ མངར་ཟས་ཀྱི་ཐོན་སྐྱེད་ཚུ་ ཁོང་ཆ་ཁྱབ་སྡེ་ཚན་ནང་ལས་ ཉོ་འབག་དོ་ཡོདཔ་ལས་ འདི་གིས་ ཐོན་སྐྱེད་ཚུ་བཙོང་ཚུགསཔ་མ་ཚད་ དངུལ་ཀྲམ་ཡང་དུས་ཚོད་ཁར་འཐོབ་ནི་འདི་གིས་ ཁོ་རའི་ལས་འབྱེདཔ་ཚུ་ལུ་ ཟླ་རིམ་གྱི་དངུལ་ཕོགས་ཚུ་ དུས་ཚོད་ཁར་སྤྲོད་ནི་ལུ་ ཕན་ཐོགས་འབྱུང་མས་ཟེར་བཤད་ཅི།

ད་རུང་ ཁོང་ཆ་ཁྱབ་ཀྱིས་བཤད་མི་ནང་ སྦྱོང་བརྡར་འདི་ལས་བརྟེན་ཏེ་ ལཱ་གཡོག་གི་ གོ་སྐབས་ཡར་སེང་བཟོ་ནི་ལུ་ ཕན་ཐོགས་སྦོམ་རང་འདུག་ཟེར་ཨིན་མས།

རྒྱལ་བཙུན་ལས་འགུལ་ཡིག་ཚང་གི་ གཟིམ་དཔོན་འོགམ་བཀྲིས་ཀྱིས་སླབ་མི་ནང་ སྦྱོང་བརྡར་ལས་རིམ་འདི་ཡང་ ཚོང་འབྲེལ་འདི་ལས་བརྟེན་ཏེ་ འོང་འབབ་ཡར་སེང་འབད་དེ་ གྲོང་གསེབ་ཀྱི་གནས་ཚད་ཁར་ དབུལ་འཕོངས་ཀྱི་དཀའ་ངལ་ཚུ་ སེལ་ཚུགས་ཟེར་བཤད་ཡོདཔ་ཨིན།

ད་རིས་མཇུག་བསྡུ་མི་ སྦྱོང་བརྡར་འདི་ནང་ལུ་ རྫོང་ཁག་༡༢་ཀྱི་ནང་ལས་ མི་༣༠་གིས་ གྲལ་ཁར་གཏོགས་ནུག