གཟའ་སྤེན་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༠

བློན་ཆེན་གིས་ འཐུང་ཆུའི་དཀའ་ངལ་བསལ་ནི་གི་ ཁལ་ལེན།

སྤྱི་ཟླ་༡༠ པའི་ཚེས་ ༧ ༢༠༡༧

༉ བློན་ཆེན་ དྲག་ཤོས་ ཚེ་རིང་སྟོབས་རྒྱས་ཀྱིས་ མོང་སྒར་རྫོང་ཁག་ སྐྱེངས་མཁར་དང་འགྱུར་མེད་རྒེད་འོག་ནང་ལུ་ འཐུང་ཆུ་མ་ལང་པའི་དཀའ་ངལ་ཡོད་མི་འདི་ བསལ་ནི་གི་དོན་ལས་ འོས་འབབ་ཚུ་བལྟ་འོང་ཟེར་ ཁ་ཙ་ཁས་ལེན་གནང་ནུག

བློན་ཆེན་དྲག་ཤོས་ཚེ་རིང་སྟོབས་རྒྱས་ཀྱིས་ རྒེད་འོག་ལྟེ་བ་ལས་ ཀི་ལོ་མི་ཊར་༢༧་གྱི་ ས་གནས་ལ་རྒྱབ་དང་ ཀི་ལོ་མི་ཊར་༡༢་ཀྱི་ས་གནས་ རི་ཕུག་ཟེར་ས་ལས་ འཐུང་ཆུའི་རྐ་འགོ་ལེགས་ཤོམ་ཡོད་པ་ཅིན་ གནམ་དགུན་འཐུང་ཆུའི་དཀའ་ངལ་འཐོན་པའི་སྐབས་ལུ་ སྐྱེངས་མཁར་གཡུས་ཚན་གྱི་དོན་ལས་ འཐུང་ཆུ་འདི་ཡང་ ས་སྒོ་འདི་གཉིས་ནང་ལས་ བཀྲམ་སྤེལ་འབད་ནི་ཟེར་གསུང་གནང་ཡི།

ད་རེས་བཟུམ་ཅིག་འབད་བ་ཅིན་ རྒེད་འོག་འདི་ནང་གི་ མི་སྡེ་ནང་ལུ་ འཐུང་ཆུ་བཀྲམ་སྤེལ་འབད་ནི་གི་དོན་ལས་ ཆུ་འཐེན་ནི་གི་འཕྲུལ་ཆས་པཱམ་འདི་ ལག་ལེན་འཐབ་དོ་ཡོདཔ་ད་ འདི་ཡང་ ཆུའི་རྐ་འདི་ རྒེད་འོག་གི་འོག་ལུ་ ཡོད་མི་ལུ་བརྟེན་ཏེ་ཨིན་མས།

འདི་བཟུམ་སྦེ་ འགྱུར་མེད་རྒེད་འོག་ནང་ལུ་ཡང་ ཁྱིམ་གུངཕ་པ་༣༥་དེ་ཅིག་ལུ་ འཐུང་ཆུ་མ་ལང་པའི་དཀའ་ངལ་ འཐོན་ཏེ་ཡོདཔ་ལས་ བློན་ཆེན་གྱིས་གསུང་མི་ནང་ ས་འོག་གི་ཆུ་རྐ་ཚུ་ཡོད་ག་བརྟག་ཞིབ་འབད་དེ་ མེདཔ་འདྲཝ་ཅིག་འབད་བ་ཅིན་ ཐབས་ལམ་གཞན་མི་ཚུ་སྟོན་ནི་ཟེར་གསུང་ནུག

དེ་ལས་ ཕྱི་རུ་ཁམས་ཅིག་ཁར་ བློན་ཆེན་མཆོག་གིས་ རྒྱལ་པོ་ཞིང་ལུ་ ཁས་བླང་གི་ཐོག་ལས་ རྣམ་རྒྱལ་མཆོད་རྟེན་བཞེངས་དོ་ཡོད་མི་ དགོངས་ཞུ་འབད་དེ་ཡོད་པའི་ དམག་མི་བགྲེསཔ་ཚུ་དང་གཅིག་ཁར་ འཕྱད་གནང་ནུག

ད་རེས་ བློན་ཆེན་མཆོག་གིས་ ཤར་ཕྱོགས་རྫོང་ཁག་ནང་ལུ་ རྒེད་འོག་གཟིགས་བསྐོར་གྱི་ལས་རིམ་ནང་ལུ་ བྱོན་ཏེ་ཡོདཔ་ཨིན།

སྟེ་ ད་ལྟོ་ཚུན་ཚོད་ བློན་ཆེན་གྱིས་ རྒེད་འོག་༡༧༥་ནང་ལུ་ གཟིགས་བསྐོར་གནང་ཚར་ཏེ་ཡོདཔ་ཨིན།