གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༤

གཙུག་ལག་འོག་མའི་ མི་མང་བདག་སྐྱོང་གི་དོན་ལུ་ གཡོག་གི་ས་སྟོང་༤ ཡར་སེང་།

སྤྱི་ཟླ་༡༠ པའི་ཚེས་ ༦ ༢༠༡༧

༉ དུས་ཅི་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ གཙུག་ལག་འོག་མའི་མི་མང་བདག་སྐྱོང་གི་ནང་ལུ་ གཡོག་གི་ས་སྟོང་༣༦ ལས་༤༠ གུར་ ཡར་སེང་འབད་དེ་འདུག

གཙུག་ལག་འོག་མའི་མི་མང་བདག་སྐྱོང་གི་ནང་ལུ་ ཞི་གཡོག་ལྷན་ཚོགས་ཀྱི་ཆོས་རྒྱུགས་རྐྱབ་མི་ ༢༤༥དེ་ཅིག་ཡོདཔ་ཨིན་མས།

ཨིན་རུང་ གཙུག་ལག་འོག་མའི་ཤེས་རིག་གི་ནང་ལུ་ ས་སྟོང་༩༦་ཡོད་ས་ལས་ འདི་གི་དོན་ལས་ ཆོས་རྒྱུགས་རྐྱབ་མི་༦༤་ལས་འགལ་མེདཔ་ཨིན་མས།

དུས་ཅི་གི་ རྒྱལ་གཞུག་ཞི་གཡོག་ལྷན་ཚོགས་ཀྱི་ཆོས་རྒྱུགས་ ད་རིས་ལས་རྐྱབ་ནི་ འགོ་བཙུགས་ཏེ་ཡོདཔ་ཨིན།

འདས་པའི་ལོ་༥་གི་རིང་ལུ་ གཙུག་ལག་འོག་མའི་མི་མང་བདག་སྐྱོང་གི་དོན་ལས་ གཡོག་གི་ས་སྟོང་འདི་༣༦་སྦེ་རང་ ལུས་ཏེ་ཡོདཔ་ཨིན།

སྟེ་ དུས་ཅི་ གཙུག་ལག་འོག་མའི་མི་མང་བདག་སྐྱོང་གི་ནང་ལུ་ ས་སྟོང་ཡར་སེང་འབད་མི་འདི་ཡང་ ཞི་གཡོག་ནང་ལུ་ མི་སྟོབས་ཀྱི་ཐད་ཁར་ མཁོ་འདོད་སྐྱེད་མི་ མང་སུ་ཅིག་འཐོན་མི་དང་འཁྲིལ་ཏེ་ཨིན་མས།

སྟེ་ ན་ཧིང་བཟུམ་ཅིག་འབད་བ་ཅིན་ གཙུག་ལག་འོག་མའི་མི་མང་བདག་སྐྱོང་གི་དོན་ལུ་ ཆོས་རྒྱུགས་རྐྱབ་མི་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ སློབ་ཕྲུག་༧༠༠ མ་ལངམ་ཅིག་གིས་ གྲལ་ཁར་གཏོགས་ནུག

འདི་བཟུམ་སྦེ་ འཕྲུལ་རིག་དབྱེ་ཁག་ནང་ལུ་ གཡོག་གི་ས་སྟོང་༢༡༣ ཡོདཔ་ད་ འདི་གི་དོན་ལུ་ ཆོས་རྒྱུགས་སྐྱེལ་མི་༥༠༠་དེ་ཅིག་ཡོདཔ་ཨིན་མས།

གཟའ་ཟླཝ་གི་ཚེས་ མཇུག་བསྡུ་ནི་ཨིན་མི་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཆོས་རྒྱུགས་ནང་ལུ་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ སློབ་ཕྲུག་སྟོང་ཕྲག་༡་དེ་ཅིག་གིས་ གྲལ་ཁར་གཏོགས་དོ་ཡོདཔ་ཨིན།