གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༤

བཟའ་འཐུང་གི་གོང་ཚད་འདི་ བརྒྱ་ཆ་༨ མ་ལངམ་ཅིག་ལུ་ ཡར་སེང་སོང་ཡོདཔ།

སྤྱི་ཟླ་༡༠ པའི་ཚེས་ ༦ ༢༠༡༧

༉ རྒྱལ་ཁབ་ནང་ལུ་ སྤྱི་ལོ་༢༠༡༦ སྤྱི་ཟླ་༨ པ་དང་ སྤྱི་ལོ་༢༠༡༧ སྤྱི་ཟླ་༨ པའི་བར་ན་ ནང་འདྲེན་འབད་དེ་ཡོད་པའི་ བཟའ་འཐུང་གི་གོང་ཚད་འདི་ བརྒྱ་ཆ་༨་མ་ལངམ་ཅིག་གིས་ ཡར་སེང་འགྱོ་སྟེ་ཡོདཔ་ཨིན་མས།

རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་གྱི་ ཉོ་སྤྱོད་གོང་ཚད་ཀྱི་གནས་ཐོ་དང་འཁྲིདཔ་ད་ དེ་སྦེ་ ཟ་འཐུང་གི་གོང་ཚད་ ཡར་སེང་འགྱོ་མི་འདི་ ད་ལྟོ་ཚུན་ཚོད་ མཐོ་ཤོས་ཅིག་ཨིནམ་སྦེ་ ཐོ་བཀོད་འབད་ནུག

འདི་བཟུམ་སྦེ་ སྤྱིར་བཏང་ ཟ་འཐུང་གོང་ཚད་ཀྱི་ཐད་ཁར་ བརྒྱ་ཆ་༧ ལྷགཔ་ཅིག་དང་ ཅ་ཆས་ཀྱི་གོང་ཚད་ བརྒྱ་ཆ་༤ གིས་ ཡར་སེང་སོང་སྟེ་ཡོདཔ་ཨིན་མས།

སྟེ་ སྦུང་ཚོང་གི་ཚོང་འབྲེལ་འཐབ་མི་ཚུ་གིས་སླབ་མི་ནང་ ཟ་འཐུང་གཞན་མི་གི་གོང་ཚད་ཚུ་ འགྱུར་བ་དེ་ཅིག་རང་མེད་རུང་ རྒྱ་གར་ལས་ནང་འདྲེན་འབད་མི་ ཆུམ་གི་གོང་ཚད་ཀྱི་ཐད་ཁར་ ཁྱད་པར་སྦོམ་སྦེ་རང་ཆགས་ཏེ་ ཡོད་ཟེར་བཤད་ཅི།

རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་གྱི་ ཉོ་སྤྱོད་གོང་ཚད་ཀྱི་གནས་ཐོ་དང་འཁྲིལཔ་ད་ དུས་ཅི་ སྤྱི་ཟླ་༦པ་དང་༨ པའི་ནང་འཁོད་ ཟ་འཐུང་གི་རིགས་ཚུ་གི་གྲལ་ལས་ ཆུམ་ཚུ་རྩིས་ཏེ་ འབྲུ་སྣ་གཞན་མི་གི་གོང་ཚད་ཚུ་ བརྒྱ་ཆ་ཚ་༤ གིས་ ཡར་སེང་འགྱོ་སྟེ་ཡོདཔ་སྦེ་ཨིན་མས།

ཕུན་ཚོགས་གླིང་གི་ཚོང་པ་ སཱ་ཊན་དྷ་ར་ཀུ་མཱར་སིང་གིས་སླབ་མི་ནང་ ཆུ་རུད་ལས་བརྟེན་ཏེ་ རྒྱ་གར་ལུ་ བྱཱ་ཞིང་དང་ཆུམ་གྱི་བཟོ་གྲྭ་ཚུ་མེདཔ་བཏང་མི་ལས་བརྟེན་ ཆུམ་མང་ཤོས་ཅིག་བང་ལ་དེཤ་ལུ་ ཕྱིར་ཚོང་འཐབ་སྟེ་ཡོད་ལས་གོང་ཚད་ཡར་སེང་འགྱོ་ཡི་ཟེར་བཤད་ཅི།

སྟེ་ ཚོང་པ་ཚུ་གིས་སླབ་མི་ནང་ ཧེ་མ་འབད་བ་ཅིན་ རྒྱ་གར་རྒྱལ་ཁབ་ནང་ལས་ འབྲུག་ལུ་ ཆུམ་ནང་འདྲེན་འབད་བའི་སྐབས་ ཉིནམ་༡ དང་༢ ཀྱི་ནང་འཁོད་ ལྷོད་ཚུགས་དོ་ཡོདཔ་ཨིན་རུང་ ད་རེས་ནངས་པ་ དཀའ་ངལ་འདི་ཚུ་ལས་བརྟེན་ ཉིནམ་༡༠ ལྷགཔ་ཅིག་ འགོརཝ་མས་ཟེར་ཨིན་མས།

ད་རེས་ འབྲུག་རྒྱལ་ཁབ་ཀྱིས་ རྒྱ་གར་རྒྱལ་ཁབ་ནང་ལས་ ཐོན་སྐྱེད་བརྒྱ་ཆ་༩༠ ནང་འདྲེན་འབདཝ་ཨིན་མས།