གཟའ་སྤེན་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༠

འབྲུག་པའི་ལུས་རྩེདཔ་ཚུ་གིས་ གཟུགས་སྟོབས་འགྲན་བསྡུར་གྱི་དོན་ལས་ མོང་གི་ལི་ཡ་ལུ་ལྷོད་ནུག

སྤྱི་ཟླ་༡༠ པའི་ཚེས་ ༦ ༢༠༡༧

༉ མོང་གོ་ལི་ཡ་གི་རྒྱལ་ས་ཨུ་ལན་བྷ་ཊར་ལུ་སྦེ་ འཛམ་གླིང་གཟུགས་སྟོབས་འགྲན་བསྡུར་ ཐེངས་༩ པ་འདི་ འགོ་འདྲེན་འཐབ་པའི་བསྒང་ར་འདུག

སྟེ་ འགྲན་བསྡུར་འདི་ནང་ལུ་ འབྲུག་གི་ཁ་ཐུག་ལས་ ཨམ་སྲུ་༡ རྩིས་ཏེ་ ལུས་རྩལཔ་༤ གིས་ གྲལ་ཁར་གཏོགས་དོ་ཡོདཔ་ཨིན་མས།

དམ་ཆོས་བཟངམོ་གིས་ ལོ་༣༠ དང་༦༠ གི་བར་ནའི་དབྱེ་ཁག་ནང་ལུ་ ཨམ་སྲུའི་གཟུགས་གཤིས་ དྲག་ཤོས་༥་ནང་ཚུད་ནི་གི་དོན་ལས་ བརྩོན་ཤུགས་སྐྱེད་ཡོདཔ་ཨིན་རུང་ གཞན་མི་ དོ་འགྲན་འབད་མི་༧ ལུ་འབད་མ་ཚུགསཔ་ཨིན་མས།

ཨིན་རུང་ དམ་ཆོས་བཟང་མོ་གིས་སླབ་མི་ནང་ འཛམ་གླིང་གི་རྩེད་འགྲན་ཅིག་འབདཝ་ལས་ རྩེད་འགྲན་འདི་ནང་བཅའ་མར་མ་གཏོགས་པའི་ཧེ་མ་ རྒྱལ་ཁ་འཐོབ་ཟེར་སླབ་མ་ཤེས་རུང་ ཨམ་སྲུའི་གཟུགས་གཤིས་ རིང་ཚད་སེན་ཊི་མི་ཊར་༡༦༥ ཡན་ཆད་ཀྱི་ འགྲན་བསྡུར་ནང་ལས་ རྒྱལ་ཁ་འཐོབ་ཚུགས་པའི་རེ་བསྐྱེད་དོ་ཟེར་བཤད་ཅི།

འདི་བཟུམ་སྦེ་ ཨེ་ཤི་ཡན་གསེར་གྱི་རྟགས་མའི་ མིང་གཏམ་ཚར་༢ ཐོབ་མི་དང་ སྤྱི་ལོ་༢༠༡༧ གི་ མིས་ཊར་བུས་ཊན་ཐོབ་མི་ སངས་རྒྱས་ཚུལ་ཁྲིམས་ཀྱིས་ ད་རུང་རང་ འགྲན་བསྡུར་འདི་ནང་ལས་ གསེར་གྱི་རྟགས་མ་ཐོབ་ནི་ལུ་ ཐེ་འཚོམ་མེདཔ་ཨིན་མས།

སངས་རྒྱས་ཚུལ་ཁྲིམས་གིས་སླབ་མི་ནང་ ཕོ་རྒས་ཀྱི་དབྱེ་ཁག་ནང་ལུ་ རིང་ཚད་ རིང་ཚད་སེན་ཊི་མི་ཊར་ ༡༧༥ གིས་ རྒྱལ་ཁ་བརྒྱ་ཆ་ལས་བརྒྱ་འབད་རང་ འཐོབ་ཚུགས་ཟེར་ཨིན་མས།

འདི་བཟུམ་སྦེ་ འགྲན་བསྡུར་འདི་ནང་བཅའ་མར་གཏོགས་མི་ འབྲུག་པའི་ཕོ་རྒས་གཉིས་ཀྱིས་ཡང་ བསམ་འཆར་དེ་སྦེ་རང་ བཤདཔ་ཨིན་མས།

སྟེ་ འཛམ་གླིང་གི་གཟུགས་སྟོབས་འགྲན་བསྡུར་འདི་ནང་ལུ་ འཛམ་གླིང་རྒྱལ་ཁབ་༤༠ གི་ནང་ལས་ ལུས་རྩལཔ་༤༠༠ ལྷགཔ་ཅིག་གིས་ གྲལ་ཁར་གཏོགས་ཏེ་འདུག