གཟའ་མིག་དམར། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༨

ཅང་རྒཔོ་ལུ་ དགོངས་ཕོག་བཏང་ནི་གི་ རྒྱབ་སྣོན་ཡིག་གུ་བཏང་ཡོདཔ།

སྤྱི་ཟླ་༡༠ པའི་ཚེས་ ༥ ༢༠༡༧

༉ ས་གནས་གཞུང་སྐྱོང་ལས་ཁུངས་ཀྱིས་ ཁ་ཙ་ ཐིམ་ཕུག་རྫོང་ཁག་བདག་སྐྱོང་ལུ་ ཅང་རྒེད་འོག་གི་རྒཔོ་ བཀའ་འགྱུར་འདི་ དགོངས་ཕོག་བཏང་ནི་གི་ རྒྱབ་སྣོན་ཡིག་གུ་བཏང་ཡོདཔ་ཨིན་མས།

ཁོ་ལུ་ གཞུང་གི་ས་ཆ་ གཡོ་བསྒྱུར་དང་ མགུ་བསྐོར་གྱི་ཐོག་ལས་ བང་བཏབ་མི་གི་ནང་ འབྲེལ་བ་ཡོད་པའི་ ཉེས་འཛུགས་ཕོག་སྟེ་ཡོདཔ་ཨིན་མས།

ས་གནས་གཞུང་སྐྱོང་ལས་ཁུངས་ཀྱིས་བཀོད་མི་ནང་ རྒཔོ་འདི་ སྤྱི་ཟླ་འདི་གི་སྤྱི་ཚེས་༡ལས་ གནས་སྐབས་ཅིག་ དགོངས་ཕོག་ཨིནམ་སྦེ་ ཆ་མཞག་དགོཔ་སྦེ་ཨིན་མས།

ཅང་གི་རྒཔོ་ དགོངས་ཕོག་བཏང་ནི་འདི་ཡང་ འདས་པའི་ཟླཝ་ནང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ས་གནས་གཞུང་སྐྱོང་ལས་ཁུངས་ལུ་ ཡིག་གུ་ཅིག་ བཏང་པའི་ཤུལ་ལས་ གྲོས་ཐག་བཅད་ནུག

ལྷན་ཚོགས་ནང་ལས་ ཡིག་གུ་ཅིག་ལྷོད་མི་དང་འཁྲིལཔ་ད་ ཅང་རྒེད་འོག་གི་རྒཔོ་ བཀའ་འགྱུར་ལུ་ གཡོ་བསྒྱུར་དང་མགུ་བསྐོར་གྱི་ཐོག་ལས་ གཞུང་ས་བང་བཏབ་མི་གི་ནང་འབྲེལ་བ་ཡོདཔ་སྦེ་ རྫོང་ཁག་ཁྲིམས་ཀྱི་འདུན་ས་ལས་ ཁྲིམས་འགལ་གྱི་ ཉེས་འཛུགས་བཀལ་ཏེ་ཡོད་ཟེར་ཨིན་མས།

ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་བཀོད་མི་ནང་ ཁྲིམས་འབྲེལ་གྱི་དགོངས་དོན་ལེ་ཤ་ཅིག་གི་ནང་ལས་ར་ བཙུག་སྡེ་གི་ཁ་ཐུག་ལས་ རྒཔོ་འདི་ དགོངས་ཕོག་བཏང་དགོཔ་སྦེ་ར་ཡོད་ཟེར་ཨིན་མས།

ངན་ལྷད་བཀག་སྡོམ་ལྷན་ཚོགས་ནང་ལས་བཏང་མི་ ཡིག་གུ་དང་འཁྲིལཔ་ད་ རྒཔོ་འདི་ དགོངས་ཕོག་མ་བཏང་པ་ཅིན་ ཡིག་ཚང་གི་ཁ་ཐུག་ལས་ རྒཔོ་འདི་ ཁྲིམས་ཀྱི་འདུན་ས་ལུ་ བཅར་བའི་སྐབས་ ཡིག་ཚང་གི་དུས་ཚོད་ལས་འགོ་བཟུང་ མི་མང་གི་མཐུན་རྐྱེན་ཚུ་ ལག་ལེན་འཐབ་ནི་མེདཔ་ ངེས་གཏན་བཟོ་དགོ་ཟེར་ཨིན་མས།

ཐིམ་ཕུག་ཅང་རྒེད་འོག་གི་རྒཔོ་བཀའ་འགྱུར་གྱིས་སླབ་མི་ནང་ ཁོ་ལུ་རྫོང་ཁག་བདག་སྐྱོང་ནང་ལས་ ཁོ་ལུ་ དགོངས་ཕོག་བཏང་པའི་བསྐོར་ལས་ བརྡ་ལེན་ག་ནི་ཡང་མ་ལྷོད་ཟེར་ཨིན་མས།

འདི་བཟུམ་སྦེ ས་གནས་གཞུང་སྐྱོང་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་གྱིས་སླབ་མི་ནང་ ཁྲིམས་འབྲེལ་གྱི་དགོངས་དོན་ ཁག་མ་འདྲཝ་ཚུ་དང་འཁྲིལ་ཏེ་ར་ ལས་ཁུངས་ཀྱི་ཁ་ཐུག་ལས་ རྒཔོ་འདི་ དགོངས་ཕོག་བཏང་ནི་སྦེ་ གྲོས་ཐག་བཅད་ཅི་ཟེར་ཨིན་མས།

ཨིན་རུང་ ཐིམ་ཕུག་རྫོང་རབས་ཀྱིས་སླབ་མི་ནང་ ད་ལྟོ་ རྒཔོ་འདི་ དགོངས་ཕོག་བཏང་མི་གི་སྐོར་ལས་ ལས་ཁུངས་ནང་ལས་ ཡིག་གུ་ག་ནི་ཡང་མ་ཐོབ་ཟེར་ཨིན་མས།