གཟའ་ཟླ་བ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༧

མི་མང་གི་ས་སྒོ་ནང་ཨིན་པ་ཅིན་ རང་སོའི་སྣུམ་འཁོར་ནང་ ཏམ་ཁུ་འཐུང་རུང་ཉེས་བྱ་ཕོག

སྤྱི་ཟླ་༡༠ པའི་ཚེས་ ༥ ༢༠༡༧

༉ མི་ཚུ་གིས་ ཁོང་རའི་སྒེར་གི་ སྣུམ་འཁོར་ནང་ལུ་ ཏམ་ཁུ་འཐུང་མི་འདི་ རང་གི་ས་སྒོ་ནང་ལུ་ ཏམ་ཁུ་འཐུངམ་ཨིནམ་སྦེ་ སེམས་ཁར་ཚོར་ནི་ཨིན་རུང་ ཁྲིམས་ལུགས་དང་འཁྲིལ་བ་ཅིན་ མི་མང་གི་ས་སྒོ་ཚུ་ནང་ ཏམ་ཁུ་འཐུང་མི་གི་ གྲངས་སུ་ཚུད་ནི་ཨིན་མས

འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་གྱི་ ཁྲིམས་དོན་འགོ་དཔོན་ཚེ་རིང་དབངམོ་གིས་སླབ་མི་ནང་ སྒེར་གྱི་སྣུམ་འཁོར་ཅིག་ནང་སྦེ་ མི་མང་གི་ས་ཁོངས་ནང་ལུ་ འགྲུལ་པ་དང་དེད་གཡོགཔ་ག་ཨིན་རུང་ཅིག་གིས་ གཏམ་ཁུ་ ཐུང་ས་འཐོང་པ་ཅིན་ མི་ངོམ་འདི་ལུ་ དངུལ་ཀྲམ་༥༠༠ཉེས་བྱ་ཕོག་ཟེར་བཤད་ཅི།

 འདི་ཡང་ འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་གྱིས་བཀོད་མི་ནང་ ཁྲིམས་ལུགས་དང་འཁྲིལཔ་ད་ རང་གི་ སྣུམ་འཁོར་ནང་སྦེ་ ཏམ་ཁུ་འཐུང་མི་ཚུ་ལུ་ཡང་ ཉེས་ཁྲིམས་ཕོག་ཟེར་ཨིན་མས།

ཏམ་ཁུ་དམ་འཛིན་གྱི་བཅའ་ཡིག་དང་སྒྲིག་གཞི་༢༠༡༦ཅན་མ་དང་འཁྲིལཔ་ད་ རང་གི་སྣུམ་འཁོར་ནང་ར་འབད་རུང་ འདི་ མི་མང་གི་ས་སྒོ་ནང་འབད་བ་ཅིན་ འདི་ནང་ལུ་ ཏམ་ཁུ་འཐུང་མི་ཆོག་ཟེར་ཨིན་མས།

འདི་ཡང་ འབྲུག་ཏམ་ཁུ་དམ་འཛིན་གྱི་བཅའ་ཁྲིམས་༢༠༡༠ཅན་མའི་ནང་ལུ་ མི་དམང་སྐྱེལ་འདྲེན་གྱི་ཞབས་ཏོག་ནང་ལུ་ ཏམ་ཁུ་འཐུང་མ་ཆོགཔ་སྦེ་ བཀོད་དེ་ཡོད་མི་གི་ ཁ་སྐོང་ལུ་ཨིན་མས།

འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་གྱིས་ དུས་ཅི་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ མི་མང་གི་ས་སྒོ་ནང་ ཏམ་ཁུ་འཐུང་མི་ ༡༡༢ལུ་ ཉེས་བྱ་བཀལ་ཡོདཔ་དང་ འདི་གི་ནང་ལས་ དག་པ་ཅིག་འདི་ མི་མང་གི་ས་སྒོ་ནང་ལུ་ སྣུམ་འཁོར་ནང་སྦེ་ ཏམ་ཁུ་འཐུང་མི་ཨིན་མས།