གཟའ་ཕུར་བུ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༨

སྒེར་གྱི་མི་ཚེ་ཉམས་གསོའི་ལྟེ་བ་ཚུ་ཡང་ བཙུགས་ནི་གི་འོས་འབབ་ཡོདཔ།

སྤྱི་ཟླ་༡༠ པའི་ཚེས་ ༥ ༢༠༡༧

༉ འབྲུག་རྒྱལ་ཁབ་ནང་ལུ་ ཟླཝ་༣གི་དོན་ལས་ མི་ཚེ་ཉམས་གསོ་འབད་མི་ མི་གྲངས་༤༠དེ་ཅིག་ཡོད་མི་ མི་ཚེ་ཉམས་གསོའི་ལྟེ་བ་ གཉིས་ལས་འགལ་མེདཔ་ཨིན།

ཆང་དང་སྨྱོང་རྫས་ལུ་ཤུགས་ཐལ་མི་གི་གྱངས་ཁ་ མང་སུ་ཅིག་ཐོན་དོ་ཡོད་མི་དང་འབྲེལ་ཏེ་ ཚ་འགྱང་ཆེ་ཤོས་ཅིག་ལུ་འགྱུར་དོ་ཡོདཔ་ཨིན།

ད་རེས་ ཐིམ་ཕུག་ ཚེ་ལུང་ན་དང་ སྤ་རོ་བསམ་བཟང་ལུ་ཡོད་པའི་ མི་ཚེ་ཉམས་གསོའི་ལྟེ་བ་གཉིས་ཀྱི་ནང་ལས་ ག་ར་ལུ་ ཞབས་ཏོག་འདི་ བྱིན་མ་ཚུགསཔ་ལས་ ལ་ལོ་ཅིག་ རྒྱ་གར་རྒྱལ་ཁབ་ནང་ལུ་ འགྱོ་དགོཔ་ཐོན་དོ་ཡོདཔ་ཨིན།

ཨིན་རུང་ སྒེར་གྱི་ མི་ཚེ་ཉམས་གསོའི་ལྟེ་བ་ གཞི་བཙུགས་འབད་ནི་གི་ སྤྲོ་བ་སྐྱེད་མི་ ཐོན་དོ་ཡོདཔ་ཨིན་རུང་ གྲོས་འཆར་བཙུགས་མི་ཚུ་ ཚད་གཞི་དང་ལྡནམ་ཅིག་ མེད་མི་ལས་བརྟེན་ཏེ་ འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་གྱིས་ ཆ་མེད་བཏང་དོ་ཡོདཔ་ཨིན་མས།

འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་གྱི་ ཡོངས་ཁྱབ་མདོ་ཆེན་ཕུན་ཚོགས་དབང་འདུས་གྱིས་སླབ་མི་ནང་ སྒེར་གྱི་མི་ཚེ་ཉམས་གསོའི་ལྟེ་བ་གཞི་བཙུགས་ཆགོ་ནི་ཨིན་རུང་ འདི་གི་དོན་ལུ་ བྱ་རིམ་དང་གནས་ཚད་ཅིག་བཟོ་དགོཔ་མ་ཚད་ སྒེར་གྱི་ལྟེ་བ་ཚུ་ནང་ལུ་ སྨྱོ་རྫས་དང་ཆང་ལུ་ ལང་ཤོར་ཐལ་མི་ཚུ་ལུ་ རྒྱབ་སྐྱོར་འབད་ཚུགས་པའི་ བསླབ་སྟོན་པ་ཚུ་དགོཔ་ཁག་ཆེ་ཟེར་བཤད་ཅི།

འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་གྱིས་ ཐིམ་ཕུག་ གསར་སྦིས་ཐང་ལུ་ཡང་ མི་ཚེ་ཉམས་གསོའི་ལྟེ་བ་ཅིག་ གཞི་བཙུགས་འབད་ནི་ཨིན་མས།

  རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ སེམས་ཁམས་མཁས་མཆོག་བཙན་སྐྱོག་རྡོ་རྗེ་གིས་སླབ་མི་ནང་ ལོ་རེ་ནང་ མི་༣༠༠ལྷགཔ་ཅིག་ལུ་ སྨྱོ་རྫས་དང་ཆང་ རྩ་མེད་བཏང་ནི་གི་ སྨན་བཅོས་འབད་དོ་ཡོད་རུང་ ང་བཅས་རའི་མི་སྡེ་ནང་ལུ་ འདི་བཟུམ་གྱི་དཀའ་ངལ་ཡོད་མི་གི་ གྱངས་ཁ་དང་འཕྱདཔ་ད་ སྨན་བཅོས་འབད་མི་གི་གྱངས་ཁ་འདི་ ཉུང་ར་ཉུང་མས་ཟེར་བཤད་ཅི།

སྨྱོ་རྫས་དང་ཆང་རྩ་མེད་བཏང་ནི་གི་སྨན་བཅོས་འདི་ཡང་ སྨྱོ་རྫས་དང་ཆང་ལུ་ ལང་ཤོར་ཐལ་ནི་ལས་ བཀག་ཐབས་འབད་ནི་དོན་ལུ་ གཟུགས་ཁར་ལས་ སྨྱོ་རྫས་དང་ཆང་གི་རྫས་རིགས་ཚུ་ བཏོན་བཏང་མི་གི་བྱ་རིམ་འདི་ལུ་གོཝ་ཨིན་མས།

ཚེ་ལུང་ན་ལུ་ཡོད་པའི་ མི་ཚེ་ཉམས་གསོའི་ལྟེ་བ་འདི་གིས་ མ་འོངས་པའི་ནང་ ལྟེ་བ་འདི་ནང་ མི་མང་སུ་ཅིག་ལེན་ནི་གི་འཆར་གཞི་ཡོདཔ་ལས་ འདི་གི་སྦེ་ ཞབས་ཏོག་ལངམ་སྦེ་མེད་པའི་དཀའ་ངལ་འདི་ དུམ་གྲ་ཅིག་བསལ་ཚུགས་པའི་རེ་བ་ཡོདཔ་ཨིན།