གཟའ་པ་སངས། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༩

སྤ་རོ་ལུ་ སྣུམ་འཁོར་གྱི་ འཐུས་བསྡུ་ལེན་འབད་ནི་འདི་ གནས་སྐབས་ཅིག་བཀག་ཆ་འབད་ཡི།

སྤྱི་ཟླ་༡༠ པའི་ཚེས་ ༤ ༢༠༡༧

༉ སྤ་རོ་རྒྱལ་སྤྱིའི་གནམ་གྲུ་ཐང་གི་ སྣུམ་འཁོར་བཞག་སའི་ས་སྒོ་ནང་ལས་ འཐུས་ལེན་མི་འདི་ ད་རེས་ གནས་སྐབས་ཅིག་གི་དོན་ལས་ མེདཔ་སྦེ་བཟོ་སྟེ་འདུག

འདི་ཡང་ ས་སྒོ་འདི་ནང་ལས་ འཐུས་བསྡུ་ལེན་འབད་མི་ ཡུ་ཨེས་ཌོ་ལར་ཚོང་འབྲེལ་ལས་སྡེ་གིས་ མཁའ་འགྲུལ་ལས་ཁུངས་ལུ་ ཁ་ཚིག་དང་འཁྲིལ་ཏེ་ ཟླ་རིམ་བཞིན་ གླ་དངུལ་ཀྲམ་ འབུམ་༢་དང་སྟོང་ཕྲག་༨༠་སྤྲོད་དགོཔ་ཡོད་མི་འདི་ ཚར་ཅིག་ཡང་ སྤྲོད་མ་ཚུགས་མི་ལས་བརྟེན་ཏེ་ཨིན་མས།

མཁའ་འགྲུལ་ལས་ཁུངས་ཀྱི་མདོ་ཆེན་ ཀརྨ་དབང་ཕྱུག་གིས་སླབ་མི་ནང་ ཨེས་ཌོ་ལར་ཚོང་འབྲེལ་ལས་སྡེ་གིས་ སྣུམ་འཁོར་བཞག་སའི་ས་སྒོ་ནང་ལས་ འཐུས་བསྡུ་སྟེ་ ཟླཝ་༦་ལང་སོང་རུང་ གླ་འཐུས་འདི་ ཟླཝ་ངོ་གཅིག་གིས་ཡང་ སྤྲོད་མ་ཚུགས་པར་ཡོད་ཟེར་བཤད་ཅི།

ཨེས་ཌོ་ལར་ཚོང་འབྲེལ་ལས་སྡེ་འདི་གིས་ མཁའ་འགྲུལ་ལས་ཁུངས་ལུ་ གླ་འཐུས་འབུམ་༣་མ་ལངམ་ཅིག་ སྤྲོད་ནི་གི་འོང་འབབ་རང་ཐོན་མི་ཚུགས་པས་ཟེར་ ཡི་གུ་ཡང་ བཙུགས་ཏེ་འདུག

མཁའ་འགྲུལ་ལས་ཁུངས་ཀྱིས་ སྣུམ་འཁོར་བཞག་སའི་ས་སྒོ་ནང་ལས་ འཐུས་བསྡུ་ལེན་འབད་ནི་འདི་ ལོག་སྟེ་རང་ སྒེར་གྱི་ལས་སྡེ་ཚུ་ལུ་ རིན་བསྡུར་འབད་ནི་ཨིན་མས།

ཨིན་རུང་ མཁའ་འགྲུལ་ལས་ཁུངས་ཀྱི་མདོ་ཆེན་ ཀརྨ་དབང་ཕྱུག་གིས་སླབ་མི་ནང་ ཁ་འབག་གི་རིན་བསྡུར་ལོག་འབད་བའི་སྐབས་ ཁོང་ཆ་ཁྱབ་ཀྱིས་ སྣུམ་འཁོར་བཞག་ནི་གི་དོན་ལས་ ལམ་ལུགས་དང་ ཞབས་ཏོག་ཚུ་ཡར་དྲག་བཏང་ནི་ནང་ལུ་ གཙོ་རིམ་བཟུང་འོང་ཟེར་བཤད་ཅི།

སྤ་རོ་རྒྱལ་སྤྱིའི་གནམ་གྲུ་ཐང་གི་ས་སྒོ་ནང་ལས་ སྣུམ་འཁོར་བཞག་པའི་འཐུས་ བསྡུ་ལེན་འབད་ནི་གི་ལམ་ལུགས་འདི་ཡང་ དུས་ཅི་ སྤྱི་ཟླ་༡༢་པའི་ནང་ལས་ ལོག་སྟེ་རང་ འགོ་བཙུགས་ཚུགས་པའི་རེ་བའདུག