གཟའ་ཟླ་བ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༢

སྣུམ་འཁོར་གྱི་ གྱངས་ཁ་ཡར་སེང་ལས་བརྟེན་ མར་ཁུ་ནང་འདྲེན་གྱི་ཚད་གཞི་ཡར་འཕར།

སྤྱི་ཟླ་༡༠ པའི་ཚེས་ ༤ ༢༠༡༧

  ༉ རྒྱལ་ཁབ་ནང་ལུ་ སྣུམ་འཁོར་ནང་འདྲེན་འཐབ་མི་གི་གྱངས་ཁ་འདི་ ཡར་སེང་འགྱོ་མི་དང་འབྲེལ་ མར་ཁུ་ནང་འདྲེན་འབད་ནི་འདི་ཡང་ ཡར་སེང་འགྱོ་སྟེ་ཡོདཔ་ཨིན།

འདི་ཡང་ ན་ཧིང་ རྒྱལ་ཁབ་ནང་ལུ་ ཟད་འགྲོ་ དངུལ་ཀྲམ་ས་ཡ་སྟོང་ཕྲག་༩་མ་ལངམ་ཅིག་གི་ ཌི་ཛལ་དང་པེ་ཊོལ་ཚུ་ ནང་འདྲེན་འཐབ་སྟེ་འདུག

རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་གྱི་ ལོ་བསྟར་རང་བཞིན་གནས་སྟངས་ཀྱི་རྩིས་ཁྲ་ འགོ་དང་པ་དང་འཁྲིལ་བ་ཅིན་ འབྲུག་ལུ་ ས་སྣུམ་ནང་འདྲེན་འཐབ་ནི་འདི་ བརྒྱ་ཆ་༡༣་དེ་ཅིག་གི་རྩིས་ ཡར་སེང་འགྱོ་སྟེ་ཡོདཔ་སྦེ་ཨིན་མས།

 སྙན་ཞུ་འདི་དང་འཁྲིལ་བ་ཅིན་ སྤྱིར་སྙོམས་ལུ་ སྤྱི་ལོ་༢༠༡༠་ལས་༢༠༡༦་ཚུན་ འབྲུག་མི་ཚུ་གིས་ ཌི་ཛལ་དང་པེ་ཊོལ་གྱི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ ས་ཡ་སྟོང་ཕྲག་༡་དང་༦༠༠་ བཏང་ཡོདཔ་སྦེ་ཨིན་མས།

 འབྲུག་ལུ་ མར་ཁུ་དེ་ཅིག་ནང་འདྲེན་འཐབ་ས་ལས་ བརྒྱ་ཆ་༢༡་འདི་ འབྲུག་མི་ཚུ་གིས་ ཁོང་རའི་སྣུམ་འཁོར་དང་ གཞན་མི་འཕྲུལ་ཆས་ནང་ལུ་ ལག་ལེན་འཐབ་ཡོདཔ་ཨིན་རུང་ བརྒྱ་ཆ་ཡུདཔ་ཅིག་༢༠་དེ་ཅིག་འདི་ བཟོ་གྲྭ་ལས་སྡེ་ནང་ལུ་ ལག་ལེན་འཐབ་སྟེ་འདུག

ནང་འདྲེན་འཐབ་སྟེ་ཡོད་མི་ ཌི་ཛལ་དང་པེ་ཊོལ་ཡོངས་བསྡོམས་ལས་ མར་ཁུ་ཨ་ཙི་རེ་ རྒྱ་གར་གྱིས་སྣུམ་འཁོར་ཚུ་གིས་ འབྲུག་པའི་འཁོར་ལམ་བདའ་སྟེ་ ཅ་ཆས་ནང་འདྲན་དང་ཕྱིར་ཚོང་འཐབ་པའི་སྐབས་ལུ་ ལག་ལེན་འཐབ་དོ་ཡོདཔ་ཨིན་མས།

སྟེ་ སྤྱི་ལོ་༢༠༡༥་དང་ཕྱདཔ་ད་ ན་ཧིང་ མར་ཁུ་ལོག་ཕྱིར་ཚོང་འཐབ་མི་འདི་ བརྒྱ་ཆ་༤་གིས་མར་ཕབ་སོང་ནུག

འདི་བཟུམ་སྦེ་ མེ་རླུང་རྒྱ་རྫི་ནང་འདྲེན་འབད་མི་གི་ ཚད་གཞི་འདི་ཡང་ སྤྱི་ལོ་༢༠༡༥་ལུ་ མེ་ཊིག་ཀྲོན་སྟོང་ཕྲག་༧་དང་༣༠༠་དེ་ཅིག་འབད་ས་ལས་ སྤྱི་ལོ་༢༠༡༦་ལུ་ མེ་ཊིག་ཀྲོན་སྟོང་ཕྲག་༧་དང་༦༠༠དེ་ཅིག་ལུ་ ཡར་སེང་སོང་སྟེ་འདུག ། དེ་ལས་ ས་མར་ཁུ་ལག་ལེན་འཐབ་མི་འདི་ སྤྱི་ལོ་༢༠༡༠་ལས་༢༠༡༥་གི་བར་ན་ མར་ཕབ་འགྱོ་སྟེ་ཡོད་རུང་  ན་ཧིང་གི་ལོ་ནང་ ས་མར་ཁུ་ཊོན་༡༠༠་དེ་ཅིག་གིས་ ཡར་སེང་ཡོདཔ་ཨིན་མས།