གཟའ་ཕུར་བུ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༨

འཁོར་ལམ་ལེགས་ཤོམ་མེད་མི་ལས་བརྟེན་ བཟོ་གྲྭ་འཕྲུལ་ཁང་ཚུ་ལུ་དཀའ་ངལ།

སྤྱི་ཟླ་༡༠ པའི་ཚེས་ ༤ ༢༠༡༧

༉ ཕུན་ཚོགས་གླིང་ པ་ས་ཁ་ལུ་ཡོད་པའི་ བཟོ་གྲྭ་འཕྲུལ་ཁང་ཚུ་གི་དོན་ལུ་ སྟབས་མ་བདེཝ་ཅིག་འདི་ འཁོར་ལམ་གྱི་གནས་སྟངས་ ལེགས་ཤོམ་མེད་མི་འདི་ཨིན་མས།

འདི་ཡང་ འཁོར་ལམ་འདི་ཁ་ལུ་ ཧག་ཀ་ཧོག་ཀ་ལེ་ཤཱ་ཅིག་རང་ཐོན་ཏེ་ སྙོམ་ཏོག་ཏོ་ཅིག་མེད་ནི་འདི་གིས་ཨིན་མས།

འབྲུག་གི་བཟོ་གྲྭ་ཚོགས་པའི་ལས་རིམ་འགོ་དཔོན་ པདྨ་རྣམ་རྒྱལ་ག་ལེ་གིས་སླབ་མི་ནང་ འཁོར་ལམ་ཉམས་བཅོས་འབད་དགོ་པའི་སྐོར་ལས་ འབྲེལ་ཡོད་ལས་སྡེ་ཚུ་ལུ་ ལོག་ལོག་རང་ ཞུ་བ་འབད་དེ་ཡོད་རུང་ ད་ལྟོ་ཚུན་ འདི་དང་འདི་ཨིན་ཟེརཝ་ཅིག་ ག་ནི་ཡང་ འབད་ནི་མིན་འདུག་ཟེར་བཤད་ཅི།

 ད་རུང་ བཟོ་གྲྭ་ས་ཁོངས་ཀྱི་ཉེ་འདབས་ལུ་ཡོད་པའི་ བཱ་ལུཆ་ཧོ་ར་གི་ཟམ་འདི་ཡང་ ཧྲམ་འགྱོ་ནི་གུ་ཐུག་སྟེ་ཡོདཔ་ལས་ ཉེན་ཁག་ཡོདཔ་སྦེ་ཨིན་མས།

ཟམ་འདི་ཁ་ལས་ ད་རེས་ སྣུམ་འཁོར་ཆུང་བ་རྐྱངམ་ཅིག་མ་གཏོགས་ སྣུམ་འཁོར་ཆེ་བ་ཚུ་ གཙང་ཆུ་བརྒལ་ཏེ་ འགྱོ་དགོཔ་ཐོན་ཏེ་འདུག

 འདི་ལུ་ ཞབས་ཏོག་ལྷན་ཁག་ནང་ལས་ བཟོ་རིག་གཙོ་འཛིན་འགོ་དཔོན་ ལུང་བསྟན་རྒྱ་མཚོ་གིས་སླབ་མི་ནང་ ་པ་ས་ཁ་གི་ལམ་ ལོག་རྩིས་ནག་བཏང་ནི་དང་ བཱ་ལུཆ་ཧོ་ར་ཟམ་ ཉམས་བཅོས་འབད་ནི་གི་དོན་ལས་ ལཱ་ཚུ་ག་ར་ ཚར་ཅིག་ ཁག་འབགཔ་ལུ་ སྤྲོད་ཚར་ཡི་ཟེར་ཨིན་མས།

ཨིན་རུང་ ཁག་འབགཔ་འདི་གིས་ ལཱ་ཚུ་དུས་ཚོད་ཁར་ མཇུག་བསྡུ་མ་ཚུགསཔ་ལས་ ལཱ་འདི་ ཆ་མེད་བཏང་དགོཔ་ཐོན་ཏེ་ཡོདཔ་སྦེ་བཤད་ཅི།

ཞབས་ཏོག་ལྷན་ཁག་གིས་ པ་ས་ཁ་གི་ལམ་ལོག་རྩི་ནག་བཏང་ནི་གི་ལཱ་འདི་ དུས་ཅི་ སྤྱི་ཟླ་༡༢་པའི་ནང་ལས་ འགོ་བཙུགས་འོང་ཟེར་ཨིན་མས།

 འདི་བཟུམ་སྦེ་ བཱ་ལུཆ་ཧོ་ར་གི་ ཟམ་ཉམས་བཅོས་འབད་ནི་གིས་ ལཱ་གི་གྲུབ་འབྲས་འདི་ཡང་ ཞག་དུས་ཀྱི་ཧེ་མ་ལས་ བཏོན་དགོཔ་སྦེ་ སླབ་ནི་སྦེ་ཡོད་ཟེར་ཨིན་མས།

འཁོར་ལམ་དང་ཟམ་ཉམས་བཅོས་ཀྱི་ལཱ་ཚུ་ འཆར་གཞི་དང་འཁྲིལ་ཏེ་རང་འགྱོ་བཏུབ་པ་ཅིན་ སྤྱི་ལོ་༢༠༡༩་གི་སྤྱི་ཟླ་༣་པའི་ནང་འཁོད་ མཇུག་བསྡུ་ཚུགས་པའི་རེ་བ་འདུག

པ་ས་ཁ་གི་ལམ་ ཉམས་བཅོས་འབད་ནི་གི་ལས་འགུལ་འདི་གི་དོན་ལས་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་གིས་ མ་དངུལ་རྒྱབ་སྐྱོར་འབདཝ་ཨིན་མས།