གཟའ་སྤེན་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༠

དར་དཀར་ན་ལུ་ བརྡ་དོན་འཕྲུལ་རིག་གི་ ཚོང་ཁང་ཅིག་བཙུགས་ནི།

སྤྱི་ཟླ་༡༠ པའི་ཚེས་ ༣ ༢༠༡༧

༉ དར་དཀར་ན་ལུ་ དར་དཀར་ཁྲོམ་ཁར་སྡོད་མི་ཚུ་ བརྡ་དོན་འཕྲུལ་རིག་གི་ ལྟེ་བ་ཅིག་ མེད་མི་ལས་བརྟེན་ཏེ་ གཞུང་ལས་མི་སེར་ལུ་ཟེར་མི་ ཞབས་ཏོག་ཚུ་ ལག་ལེན་འཐབ་ནི་གི་ནང་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་མས།

ཨིན་རུང་ འཕྲལ་ཁམས་ཅིག་ཁར་ རྫོང་ཁག་ཚོགས་འདུ་གིས་ ཁྲོམ་འདི་ནང་ལུ་ བརྡ་དོན་འཕྲུལ་རིག་གི་ ཚོང་འབྲེལ་ཅིག་ གཞི་བཙུགས་འབད་ནི་གི་ གནང་བ་སྤྲོད་ཡོདཔ་ལས་ གནས་སྟངས་འདི་ འགྱུར་བཅོས་འགྱོ་ནི་བཟུམ་ཅིག་འདུག

བརྡ་དོན་འཕྲུལ་རིག་གི་ ཚོང་ལཱ་འགོ་བཙུགས་ནི་གི་གོ་སྐབས་འདི་ཡང་ ཚོང་ལཱ་གི་སྐོར་ལས་ རིག་པ་གསལ་ཏོག་ཏོ་ཅིག་ཡོད་མི་དང་ འོས་འབབ་ཡོད་པའི་ ན་གཞོན་ཚོང་ལཱ་འབད་མི་ཅིག་ལུ་ སྤྲོད་ནི་ཨིན་མས།

དར་དཀར་ན་རྫོང་ཁག་གི་ བརྡ་དོན་འཕྲུལ་རིག་འགོ་དཔོན་ལས་རོགསཔ་ ཡེ་ཤེས་དཔལ་སྒྲོན་གྱིས་སླབ་མི་ནང་ འདི་བཟུམ་གྱི་ ཚོང་ལཱ་འགོ་བཙུགས་པ་ཅིན་ ན་གཞོན་ཚུ་ ཁྲོམ་ཁར་ གནས་སྤོ་སྟེ་འགྱོ་མི་འདི་ མར་ཕབ་འབད་ནི་ལུ་ ཕན་ཐོག་བྱུང་འོང་ཟེར་ཨིན་མས།

འདི་བཟུམ་སྦེ་ རྫོང་ཁག་གིས་ཁ་ཐུག་ལས་ བརྡ་དོན་འཕྲུལ་རིག་གི་ཚོང་འབྲེལ་འདི་ བཙུགས་མི་འདི་ལུ་ བརྡ་དོན་འཕྲུལ་རིག་གི་ཅ་ཆས་ཚུ་ཉོ་ནི་དང་ གཞན་མི་འཕྲུལ་རིག་གི་རྒྱབ་སྐྱོར་ཚུ་ འབད་ནི་ཨིན་མས།

ད་རུང་ རྫོང་ཁག་བདག་སྐྱོང་གིས་ བརྡ་དོན་འཕྲུལ་རིག་གི་ཚོང་ལཱ་བཙུགས་ནི་གི་ ཞུ་ཡིག་བཙུགས་མི་འདི་ལུ་ དངུལ་འབྲེལ་གྱི་ རྒྱབ་སྐྱོར་འབད་ཐབས་ལུ་ རྫོང་ཁག་གོང་འཕེལ་གནང་བྱིན་གི་ནང་ལས་ མ་དངུལ་དུམ་གྲ་ཅིག་ ཡང་ ལག་ལེན་འཐབ་ནི་སྦེ་འདུག

ད་རེས་བཟུམ་ཅིག་འབད་བ་ཅིན་ དར་དཀར་ཁྲོམ་ཁ་ལུ་ ཨིན་ཊར་ནེདཌ་དང་ འདྲ་བཤུས་རྐྱབ་ནི་ དེ་ལས་ དེབ་ཤོག་འབད་ནི་ ལ་སོགས་པའི་ ཞབས་ཏོག་ཚུ་བྱིན་ནི་གི་ བརྡ་དོན་འཕྲུལ་རིག་གི་ཚོང་ཁང་ཅིག་མེདཔ་ཨིན།

དར་དཀར་ན་གི་རྫོང་ཁག་ཚོགས་འདུ་ནང་ལུ་ ཁྲོམ་ཁ་ལུ་ བརྡ་དོན་འཕྲུལ་རིག་གི་ ཚོང་ལཱ་ཅིག་ གཞི་བཙུགས་འབད་ནི་གི་ གྲོས་འདེབས་འདི་ཡང་ བརྡ་དོན་འཕྲུལ་རིགས་འགོ་དཔོན་གྱི་ཁ་ཐུག་ལས་ ཞུ་བ་ཕུལ་ཡོདཔ་ཨིན།