གཟའ་མིག་དམར། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༣

ཕན་ནུས་ཅན་གྱིས་དོན་ལས་ སྨན་འདི་ཚུ་ ཚངམ་སྦེ་རང་ བཟའ་དགོཔ།

སྤྱི་ཟླ་༩ པའི་ཚེས་ ༢༨ ༢༠༡༧

  ༉ ནདཔ་ཚུ་གིས་ ད་ལས་ཕར་ དྲུང་འཚོ་ཚུ་གིས་ བཀོད་རྒྱ་དང་འཁྲིལ་ཏེ་ ནད་གཞི་དྲག་ཐབས་ཀྱི་དོན་ལུ་ ཨེན་ཊི་བ་ཡོ་ཊིག་ག་སྨན་འབྱིན་མི་འདི་ཚུ་ ཚངམ་སྦེ་རང་ཟ་དགོ་ནི་ཨིན་མས།

འདི་ཡང་ འཛམ་གླིང་གསོ་བའི་ཚོགས་པའི་སྙན་ཞུ་ནང་ ནད་གཞི་ཚུ་ལས་ གདོང་ལེན་འབད་ནི་གི་དོན་ལུ་ ཨེན་ཊི་བ་ཡོ་ཊིག་སྨན་འདི་གིས་ དྲག་ཚུགས་པར་ ལཱ་ཁག་བཏང་དོ་ཡོད་མི་ལུ་བརྟེན་ སྨན་འདི་ ཚངམ་སྦེ་རང་ ཟ་དགོཔ་འདུག་ཟེར་བཀོད་དེ་ཡོད་མི་དང་འཁྲིལ་ཏེ་ཨིན་མས།

འདི་ལུ་ དྲུང་འཚོ་ཚུ་གིས་སླབ་མི་ནང་ དེ་སྦེ་ སྨན་འདི་གིས་ དྲག་མ་ཚུགས་མི་འདི་ཡང་ མི་ཚུ་གིས་ སྨན་འདི་ ལོག་སྤྱོད་འབད་མི་ལུ་བརྟེན་ཏེ་ཨིནམ་སྦེ་བཤད་ཅི།

གསོ་བའི་སྨན་རིགས་ལས་ཁུངས་ཀྱི་ཡོངས་ཁྱབ་མདོ་ཆེན་ པཱན་གྲུབ་ཚེ་རིང་་གིས་སླབ་མི་ནང་ སྲིན་སྨན་ག་རང་ཚངམ་སྦེ་ མ་བཟའ་བ་ཅིན་ ཕྲ་འབུབ་བརྒྱ་ཆ་༥༠ ཤི་ནི་དང་ བརྒྱ་ཆ་༥༠་མ་ཤི་བར་སྡོད་ནི་ཨིནམ་ལས་ ཕྲ་འབུབ་ཚུ་ ལོག་སྟེ་རང་ གོང་འཕེལ་འགྱོ་འོང་ཟེར་ཨིན་མས། དེ་སྦེ་འགྱོཝ་ད་རང་ སྨན་འདི་ཚུ་གིས་ ཤུལ་ལས་ མ་ཕནམ་སྦེ་འགྱོཝ་ཨིན་ཟེར་བཤད་ཅི།

 ཨིན་རུང་ སྨན་འདི་ ནདཔ་ཚུ་ལུ་ སྤྲོད་དགོཔ་མེད་རུང་ ཚར་ལེ་ཤཱ་ཅིག་རང་ སྤྲོད་དེ་ཡོད་ནི་འདི་གིས་ གསོ་བའི་མཁས་མཆོག་ཚུ་ཡང་ འཛོལ་བ་ཡོདཔ་སྦེ་ཨིན་མས།

ཨེན་ཊི་བ་ཡོ་ཊིག་ཟེར་མི་སྨན་འདི་ཡང་ ཕྱ་འབུབ་ལས་བརྟེན་ཏེ་ཐོབ་མི་ ནད་གཞི་ཚུ་ལས་ དྲག་ནི་གི་སྨན་རིགས་ཅིག་ཨིན་མས།

རྒྱལ་ཁབ་ནང་ལུ་ འདི་བཟུམ་གྱི་གནད་དོན་འདི་ ད་ལྟོ་ལས་རང་ བཀག་ཆ་འབད་ནི་གི་དོན་ལས་ གསོ་བའི་ལྷན་ཁག་གིས་ གཞུང་ལུ་ ཨེན་ཊི་མའི་ཀོ་རོ་བཡལ་རེ་སིས་ཊེནསི་ཟེར་མི་ རྒྱལ་ཡོངས་དྭངས་ལེན་འཆར་གཞི་དགོ་པའི་ གྲོས་འཆར་ཕུལ་མི་དང་འབྲེལ་ དུས་ཅི་ ཆ་འཇོག་གནང་སྟེ་ཡོདཔ་ཨིན།

དྭངས་ལེན་འཆར་གཞི་འདི་ཡང་ ཤུལ་མའི་ལོ་ལྔ་འཆར་གཞི་༡༢པའི་ནང་ལས་ ལག་ལེན་འཐབ་ནི་ འགོ་བཙུགས་ནི་ཨིན་མས།

རྒྱལ་ཡོངས་ཀྱི་ དྭངས་ལེན་འཆར་གཞི་འདི་ལས་བརྟེན་ཏེ་ མཚན་རིག་བརྟག་དཔྱད་ཁང་ཚུ་ནང་ ནད་འབུབ་འདི་ཚུ་ འཐོབ་སྟེ་ཡོདཔ་མེདཔ་ཚུ་ བརྟག་དཔྱད་འབད་ནི་ནང་ ལྷན་ཐབས་འབྱུང་ནི་ཨིན་མས།

དང་ལེན་གྱི་འཆར་གཞི་འདི་གི་འོག་ལུ་ རྫོང་ཁག་༦གི་ནང་ མཚན་རིག་གི་བརྟག་དཔྱད་འབད་ནི་གི་ མཐུན་རྐྱེན་ཚུ་ བཙུགས་ནི་ཨིན་མས།

ད་རེས་བཟུམ་ཅིག་འབད་བ་ཅིན་ མཚན་རིག་བརྟག་དཔྱད་འབད་ནི་གི་ མཐུན་རྐྱེན་འདི་ ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ཚུ་ནང་རྐྱངམ་ཅིག་ནང་འདུག