གཟའ་ཕུར་བུ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༨

འབྲུག་ལུ་ མགྱོགས་པ་རང་ ཀཱོ་རི་ཡ་གི་ཁས་བླངས་ལས་རིམ་ཡིག་ཚང་ཅིག་ སྒོ་ཕྱེ་ནི།

སྤྱི་ཟླ་༩ པའི་ཚེས་ ༢༧ ༢༠༡༧

༉ ཀཱོ་རི་ཡན་ཁས་བླངས་ལས་རིམ་ཡིག་ཚང་འདི་ཡང་ འབྲུག་དང་ ཀཱོ་རི་ཡ་གི་བར་ན་ དོན་གཅོད་ཀྱི་མཐུན་ལམ་ གཞི་བཙུགས་འབད་དེ་ མི་ལོ་༣༠ འཁོར་བའི་ དུས་སྟོན་བརྩི་སྲུང་ཞུ་ནི་དོན་ལུ་ཨིན་མས།

འབྲུག་ལུ་ཀཱོ་རི་ཡན་གྱི་ གཞུང་ཚབ་ཨཤ་སཱིའོན་ཌོའུ་གིས་ སླབ་མི་ནང་ ཀཱོ་རི་ཡན་ཁས་བླངས་ལས་རིམ་ཡིག་ཚངརྐྱབ་ནི་གི་ ལས་འགུལ་འདི་ དུས་ཅི་གི་ལོ་མཇུག་བསྡུ་ཁམས་ཅིག་ལས་ འགོ་བཙུགས་འོང་ཟེར་བཤད་ཅི།

ད་རུང་ གཞུང་ཚབ་འདི་གིས་འབད་བ་ཅིན་ཀཱོ་རི་ཡ་གིས་ འབྲུག་ལུ་ ནམ་ཅིག་གི་ཚེ་ ཀཱོ་རི་ཡན་་རྒྱལ་སྤྱི་མཉམ་འབྲེལ་ལས་སྡེ་ཡིག་ཚང་ཅིག་ཡང་ སྒོ་ཕྱེ་ཚུགས་པའི་རེ་བ་ཡོད་ཟེར་ཨིན་མས།

ཀཱོ་རི་ཡན་རྒྱལ་ཁབ་ཀྱིས་ ད་རེས་ འབྲུག་པའི་མི་སྡེའི་དཔལ་འབྱོར་ གོང་འཕེལ་གྲུབ་ཐབས་དང་ དམིགས་བསལ་གྱིས་ མི་སྟོབས་གོང་འཕེལ་བཏང་ནི་ནང་ལུ་ གཙོ་རིམ་བཟུང་སྟེ་རང་ཡོདཔ་ཨིན།

བློན་ཆེན་ངོ་ཚབ་ ཞབས་ཏོག་བློན་པོ་ རྡོ་རྗེ་ཆོས་སྒྲོན་གྱིས་གསུང་མི་ནང་ཀཱོ་རི་ཡ་འདི་ འབྲུག་རྒྱལ་ཁབ་ནང་ལུ་ གོང་འཕེལ་གྱི་ལས་དོན་ཚུ་ནང་ རྒྱབ་སྐྱོར་དང་གྲོགས་རམ་འབད་མི་ རྒྱལ་ཁབ་ཅིག་ཨིནམ་ལས་ ཟུང་ཕྱོགས་ཀྱི་མཐུན་ལམ་ ཡར་དྲག་བཏང་ནི་གི་འོས་འབབ་ སྦོམ་སྦེ་རང་ ཡོད་ཟེར་ཨིན་མས།

ད་རུང་ རྒྱལ་ཁབ་གཉིས་ཀྱི་ དོན་སྤྱོད་ཀྱི་མཐུན་ལམ་ གཞི་བཙུགས་འབད་དེ་ མི་ལོ་༣༠ འཁོར་བའི་ དུས་སྟོན་བརྩི་སྲུང་འབད་ནི་གི་དོན་ལུ་ ཁ་ཙ་ ཕྱི་འབྲེལ་ལྷན་ཁག་དང་ འབྲུག་འགྲེམས་རང་སྐྱོངས་ལས་འཛིན་གཉིས་ མཉམ་འབྲེལ་གྱི་ཐོག་ལས་ མཉམ་འབྲེལ་འགྲེམས་རྟགས་ཅིག་ཡང་ གསལ་སྟོན་འབད་ཡི།

འབྲུག་དང་ཀཱོ་རི་ཡ་གི་དོན་གཅོད་མཐུན་ལམ་འདི་ཡང་ སྤྱི་ལོ་༡༩༨༧ སྤྱི་ཟླ་༩ པའི་སྤྱི་ཚེས་༢༤་ལུ་གཞི་བཙུགས་འབད་ནུག