གཟའ་ཉི་མ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༦

སྟང་སི་སྦྱིས་ལུ་ ཚོང་འབྲེལ་ལྟེ་བ་ཅིག་བརྐྱབ་ནི།

སྤྱི་ཟླ་༩ པའི་ཚེས་ ༢༧ ༢༠༡༧

༉ ཀྲོང་གསར་རྫོང་ཁག་ སྟང་སི་སྦྱིས་རྒེད་འོག་ནང་ལུ་ སང་ཕོད་ལོ་འགོ་བཙུགས་ཁམས་ཅིག་ལས་ ཚོང་འབྲེལ་ལྟེ་བ་ཅིག་ གཞི་བཙུགས་འབད་ནི་ཨིན་མས།

རྒེད་འོག་འདི་ནང་ལུ་ ཚོང་འབྲེལ་ལྟེ་བ་ཅིག་རྐྱབ་ནི་གི་དོན་ལས་ ཟད་འགྲོ་གི་ཐད་ཁར་ རྫོང་ཁག་ཚོགས་འདུ་ཚོག་པའི་སྐབས་ གྲོས་བསྡུར་རྒྱས་ཤིང་རྒྱསཔ་སྦེ་ གནང་པའི་ཤུལ་མ་ རྫོང་ཁག་གོང་འཕེལ་སྣང་སྦྱིན་མ་དངུལ་ནང་ལས་ དངུལ་ཀྲམ་ས་ཡ་༡་གནང་ནི་སྦེ་ གྲོས་ཐག་བཅད་ནུག

ཚོང་འབྲེལ་གྱི་ལྟེ་བ་འདི་ནང་ སྐྱ་བཏོགས་ཁང་དང་ ལྷམ་བཙེམ་ཁང་ དེ་ལས་ ཚེམ་ཁང་དང་ གློག་ཆས་མེདཔ་ཐལ་མི་ཚུ་བཅོ་སའི་ ཁང་མིག་༥ འོང་དགོ་ནི་ཨིན་མས།

འདས་པའི་ཟླཝ་ནང་ རྫོང་ཁག་ཚོགས་འདུ་ཚོགས་པའི་སྐབས་ལུ་ འཐུས་མི་ལ་ལོ་ཅིག་གིས་ ལྟེ་བ་འདི་ནང་ལུ་ ཞབས་ཏོག་འདི་ཚུ་དང་འབྲེལ་བའི་ རིག་རྩལ་ཡོད་པའི་ མི་སྟོབས་ཚུ་བཙུགས་ནི་གི་ཐད་ཁར་ ཚ་འགྱང་ཡོད་ལུགས་ཚུ་གི་སྐོར་ལས་ཡང་ གྲོས་བསྡུར་འབད་ནུག

འདི་ལུ་ སྟང་སི་སྦྱིས་རྒཔོ་མགོན་པོ་རྡོ་རྗེ་གིས་སླབ་མི་ནང་ ལྷམ་བཙེམ་ནི་རྐྱངམ་གཅིག་མ་གཏོགས་ གཞན་མི་ཞབས་ཏོག་ཚུ་གི་ཐད་ཁར་ ན་གཞོན་ཚུ་གིས་ སྤྲོ་བ་སྐྱེད་དེ་ཡོད་ཟེར་བཤད་ཅི།

ད་རུང་ ཁོ་གིས་སླབ་མི་ནང་ ལྟེ་བ་འདི་གི་ས་ཁོངས་ཡང་ སློབ་གྲྭ་ལྟེ་བ་དང་ ནཱི་ཀ་ཆུ་གློག་མེ་ལས་འགུལ་གྱི་ ཉེས་འདབས་ལུ་ཨིནམ་མ་ཚད་ རྒེད་འོག་ལྟེ་བའི་ཡིག་ཚང་དང་ རིག་རྩལ་སློབ་གྲྭ་ཡང་ ས་སྒོ་འདི་ནང་ཆགས་ཏེ་ཡོདཔ་ལས་ ཞབས་ཏོག་སྤྱོད་མི་ཡང་ འཐོན་འོང་ཟེར་ཨིནམ་མ་ཚད་ ཁང་མིག་སྟོངམ་ལུས་རུང་ སྒོ་ནོར་གྱི་ཐོན་སྐྱེད་ཚུ་བཙོང་ནི་སྦེ་ ལག་ལེན་འཐབ་ནི་གི་ འཆར་གཞི་ཡོདཔ་ལས་ མ་དངུལ་འདི་ འཕྲོ་རླག་མི་འགྱོ་ཟེར་ཨིན་མས།

ལྟེ་བ་འདི་ནང་ མཐུན་རྐྱེན་གཞི་བཙུགས་འབད་མི་ཚུ་ཡང་ མང་ཤོས་རང་ སློབ་གྲྭ་ནང་ལས་ འཐོན་སྡོད་མི་ཚུ་འོང་ནི་ཨིན་མས།