གཟའ་པ་སངས། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༩

འབྲུག་མཉམ་རུབ་ཚོགས་པ་གིས་ མཐོ་གཏུག་ཞུ་མིའི་ ཁུངས་གསལ་སྙན་གསན་མཛད་ཡོདཔ།

སྤྱི་ཟླ་༩ པའི་ཚེས་ ༢༥ ༢༠༡༧

༉ ད་རིས་ ཆེ་མཐོའི་ཁྲིམས་ཀྱི་འདུན་ས་གིས་ འབྲུག་མཉམ་རུབ་ཚོགས་པ་གིས་ གཞུང་གི་ཁ་ཐུག་ལས་ རྩ་ཁྲིམས་ཆེན་མོའི་དགོངས་དོན་དང་མ་འཁྲིལ་བ་ ཁྲལ་དགོངས་ཡང་གནང་མི་གི་གནད་དོན་གྱི་སྐོར་ལས་ མཐོ་སའི་བཀའ་དམ་གྱི་ མཐོ་གཏུག་ཞུ་མི་གི་ཐོག་ལུ་ ཁུངས་གསལ་གྱི་ སྙན་གསན་ལས་རིམ་འདི་ འགོ་འདྲེན་འཐབ་ཅི།

མཐོ་སའི་དཀའ་དམ་གྱི་ བཀའ་ཡིག་གི་སྐྱབས་འཇུག་འདི་ཡང་ གཞུང་གི་ཁ་ཐུག་ལས་ ཕྱག་འགན་འཐུས་ཤོར་མེད་པར་གནང་དགོཔ་དང་ དབང་ཚད་ལོག་སྤྱོད་འབད་མི་ཚུ་ དག་བཅོས་འབད་ནི་གི་དོན་ལས་ ཁྲིམས་ཀྱི་འདུན་ས་ལས་གནང་མི་གི་ བཀའ་ཡིག་ཅིག་ལུ་གོཝ་ཨིན་མས།

དུས་ཡུན་སྐར་མ་༣༠དེ་ཅིག་གི་རིང་ལུ་གནང་མི་ ཁུངས་གསལ་སྙན་གསན་འདི་ཡང་ ཆེ་མཐོའི་ཁྲིམས་ཀྱི་འདུན་སའི་ གྲངས་མང་ཁྲིམས་ཁྲི་ལུ་སྦེ་ དྲང་དཔོན་༧གི་སྦེ་གནང་ཡི།

འདི་བསྒང་ དྲང་དཔོན་ཆ་ཁྱབ་ཀྱིས་ རྩ་བོ་ཕན་ཚུན་གཉིས་ཆ་ར་ལུ་ གནད་དོན་འདི་གི་ཐད་ཁར་ ངག་ཐོག་ལས་ རང་སོའི་ར་ཁུངས་ཚུ་སྐྱེལ་ཏེ་ཞུ་ནི་གི་ གནང་བ་གནང་ཡི།

འབྲུག་མཉམ་རུབ་ཚོགས་པ་གིས་ ལོག་སྟེ་ར་ཞུ་མི་ནང་ མཐོ་གཏུག་གི་ཞུ་བ་འདི་ རྩ་ཁྲིམས་ཆེན་མོའི་དགོངས་དོན་དང་འཁྲིལ་ཏེ་ར་ ཨིན་ཟེར་ཞུ་ཡི།

ད་རུང་ འབྲུག་མཉམ་རུབ་ཚོགས་པ་གིས་ཞུ་མི་ནང་ རྒྱལ་ཁབ་ནང་ལུ་ གོང་འཕེལ་གྱི་ཕྱག་ལཱ་ཚུ་མཛད་པའི་སྐབས་ དྲག་གཞན་ཆེ་ཆུང་གི་དབྱེ་བ་མ་ཕྱེ་བར་ འདྲ་མཉམ་གྱི་ཐོག་ལས་ མཛད་དགོ་ཟེར་ཨིན་མས།

ཨིན་རུང་ དངུལ་འབྲེལ་སེམས་ཤུགས་ཀྱི་ ཁེ་འཐུས་འདི་གིས་ རྒྱལ་ཁབ་ནང་ལུ་ མི་ངོམ་དག་པ་ཅིག་ལུ་རྐྱངམ་ཅིག་ ཕན་ཐོག་སྟེ་ཡོདཔ་ལས་ ད་ལྟོ་སྔ་གོང་ལས་ར་ བཀག་ཆ་མ་འབད་བ་ཅིན་ མ་འོངས་པའི་ནང་ གཞུང་ག་གི་སྐྱོང་སྟེ་འབད་རུང་ འདི་བཟུམ་གྱི་ རྩ་ཁྲིམས་ཆེན་མོའི་དགོངས་དོན་ལས་འགལ་བའི་ གནད་དོན་ཚུ་ཐོན་ཏེ་ར་སྡོད་ནི་མས་ཟེར་ཨིན་མས།

འདི་ལུ་ གཞུང་གི་ངོ་ཚབ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ཞུ་མི་ནང་ དང་པ་ དངུལ་འབྲེལ་སེམས་ཤུགས་ཀྱི་ ཁེ་འཐུས་དང་འབྲེལ་བའི་རྩོད་གཞི་འདི་ མངོན་མཐོའི་ཁྲིམས་ཀྱི་འདུན་ས་ལུ་ བཙུགས་ཏེ་ཡོདཔ་ལས་ ཆེ་མཐོའི་ཁྲིམས་ཀྱི་འདུན་ས་ལུ་ མཐོ་གཏུག་གི་ཞུ་བ་ཕུལ་ནི་གི་ འོས་འབབ་ཅིག་མི་མཐོང་པས་ཟེར་ཨིན་མས།

ད་རུང་ ཁོ་གིས་ཞུ་མི་ནང་ གནད་དོན་འདི་གི་སྐོར་ལས་ འབྲུག་མཉམ་རུབ་ཚོགས་པ་ལུ་ ཁྲིམས་ཀྱི་འདུན་ས་ལུ་ མཐོ་གཏུག་ཞུ་ནི་གི་ དབང་ཚད་མིན་འདུག་ཟེར་ཨིན་མས།

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཤུལ་མའི་ཟླཝ་གི་ སྤྱི་ཚེས་༢༥ལུ་ འབྲུག་མཉམ་རུབ་ཚོགས་པ་གིས་ ཞུ་བ་ཕུལ་མི་ཚུ་གི་ལན་འདི་ ཁྲིམས་ཀྱི་འདུན་ས་ཕུལ་ནི་ཨིནམ་ལས་ འདི་གི་ཤུལ་ལས་རྐྱངམ་ཅིག་ ད་རིས་ སྙན་གསན་མཛད་མི་ དྲང་དཔོན་ཚུ་གིས་ རྩོད་གཞི་འདི་ ངོས་ལེན་མཛད་ནི་ཨིན་ན་མེན་ན་ གྲོས་ཐག་བཅད་གནང་ནི་ཨིན་མས།