གཟའ་ལྷག་པ། ༢༠༡༧ ཟླ་༩ པའི་སྤྱི་ཚེས་༢༦

ཡིག་ཚང་ཚུ་ནང་ལས་ཕར་ ཨ་ལོའི་གཅེས་སྐྱོང་མཐུན་རྐྱེན་གྱིས་ ཕན་ཐོག་སྦོམ་བྱུང་དོ་ཡོདཔ།

སྤྱི་ཟླ་༩ པའི་ཚེས་ ༡༣ ༢༠༡༧

༉ ལཱ་འབད་སའི་ས་གོ་ནང་ལུ་ ཨ་ལོ་གཅེས་སྐྱོང་འབད་སར་ གཞི་བཙུགས་འབད་ནི་འདི་ མགྱོགས་སུ་ཅིག་སྦེ་ འབད་མི་ཚུགས་ནི་ཨིན་རུང་ འདི་བཟུམ་གྱི་ མཐུན་རྐྱེན་ཡོད་པའི་ཡིག་ཚང་ཚུ་ནང་ལུ་ མཐུན་རྐྱེན་འདི་ལས་བརྟེན་ ལས་འབྱེདཔ་ཚུ་ལུ་ ཕན་ཐོགས་བྱུང་དོ་ཡོདཔ་ཨིན་མས།

འདི་གིས་སྦེ་ དུས་ཚོད་འཕྲོ་བརླག་མ་འགྱོ་བར་ ལཱ་ཤུགས་བཏོན་ཏེ་འབད་ཚུགསཔ་མ་ཚད་ ཨ་ལོ་ལུ་ཡང་ དགོས་མཁོ་དང་བསྟུན་པའི་ རྒྱུན་སྐྱོང་འཐབ་ཚུགས་དོ་ཡོདཔ་ཨིན།

རྒྱལ་ཡོངས་ཨམ་སྲུ་དང་ཨ་ལོའི་ལྷན་ཚོགས་ཀྱི་ ཁྲི་འཛིན་ཡང་ཨིན་མི་ ཞབས་ཏོག་བློན་པོ་ རྡོ་རྗེ་ཆོས་སྒྲོན་གྱིས་གསུང་མི་ནང་ འདི་བཟུམ་གྱི་མཐུན་རྐྱེན་འདི་ ལཱ་འབད་མི་ ཨམ་སྲུ་ཚུ་གི་ ལྕོགས་གྲུབ་ཡར་རྒྱས་བཏང་སྟེ་ ལྗོན་ཐངས་ཅན་ཅིག་ བཟོ་ནི་གི་དོན་ལས་ཨིན་ཟེར་བཤདཔ་ཨིན་མས།

ད་རུང་ ཞབས་ཏོག་བློན་པོ་གིས་གསུང་མི་ནང་ ཨ་ལོའི་འཕྲོད་བསྟེན་གྱི་ཐད་ཁར་ ཨ་ལོ་ལུ་ འགོ་དང་པ་ ཟླཝ་དྲུག་གི་རིང་ ཨའི་གི་ཨོམ་འདི་ར་བྱིན་དགོཔ་འདི་ ཁག་ཆེ་བས་ཟེར་ཨིན་མས།

ཞབས་ཏོག་ལྷན་ཁག་འདི་རྩིས་ཏེ་ ད་རེས་ རང་སོའི་ལས་འབྱེདཔ་ཚུ་གི་དོན་ལས་ ཨ་ལོ་གཅེས་སྐྱོང་འབད་སའི་མཐུན་རྐྱེན་ཡོད་མི་ ཡིག་ཚང་༡༠ཡོདཔ་ཨིན།

འདི་ཡང་ ལྷན་རྒྱས་གཞུང་ཚོགས་ཀྱིས་ སྤྱི་ལོ་༢༠༡༥ལུ་ གཞུང་གི་ཡིག་ཚང་ག་རའི་ནང་ འདི་བཟུམ་གྱི་མཐུན་རྐྱེན་བཙུགས་དགོ་པའི་ བཀའ་རྒྱ་གནང་ཡོདཔ་ཨིན།