གཟའ་ལྷག་པ། ༢༠༡༧ ཟླ་༩ པའི་སྤྱི་ཚེས་༢༦

ཁྲིམས་སྲུང་འགག་པ་ལུ་ འགྲུལ་འཕྲིན་བྱང་ཡོད་པའི་ སྙན་ཞུ་འབད་མི་གི་གནད་དོན་ ཡར་སེང་སོང་ཡོདཔ།

སྤྱི་ཟླ་༩ པའི་ཚེས་ ༡༣ ༢༠༡༧

༉ ཐིམ་ཕུག་གིས་ཁྲིམས་སྲུང་འགག་པ་ལུ་ དུས་ཅི་ འགྲུལ་འཕྲིན་བྱང་ཡོད་པའི་སྐོར་ལས་ སྙན་ཞུ་འབད་མི་ མང་སུ་ཅིག་སྦེ་འཐོན་དོ་ཡོདཔ་ཨིན་མས།

འདི་ཡང་ ཁྲིམས་སྲུང་འགག་པ་གིས་ དུས་ཅི་རང་ ཅ་ལ་བྱང་ཡོད་པའི་གནད་དོན་ནང་ འབྲེལ་བ་ཡོད་པའི་ མི་༡༠འཛིན་བཟུང་འབད་དེ་ ཁྲིམས་སར་སྐྱེལ་ཏེ་འདུག

ཁྲིམས་སྲུང་འགག་པ་གིས་སླབ་མི་ནང་ འགྲུལ་འཕྲིན་བྱང་མི་གི་གནད་དོན་མང་ཤོས་ཅིག་རང་ རང་སོའི་འགྲུལ་འཕྲིན་ཚུ་ སྣང་མེདཔ་སྦེ་ བཞག་མི་ལུ་བརྟེན་ཏེ་བྱུང་ནུག་ཟེར་བཤད་ཅི།

ཁྲིམས་སྲུང་འགག་པ་གིས་སླབ་མི་ནང་ བྱང་གཏོར་ཤོར་མི་འགྲུལ་འཕྲིན་ཚུ་ ལོག་སྟེ་ ཇོ་བདག་ཚུ་ལུ་མ་སྤྲོད་པར་ འགྲུལ་འཕྲིན་ཐོབ་མི་ཚུ་གིས་ ཧེང་སྐལ་རང་ འགྲུལ་འཕྲིན་འདི་ནང་གི་ སིམ་ཀཱརཌ་ཚུ་བཏོན་ཏེེ་ ཁྲིམས་མཐུན་གྱི་ ངོ་སྦྱོར་མེདཔ་སྦེ་བཟོ་བཞིན་ན་ ཁྲིམས་འགལ་གྱི་ཐོག་ལས་ བདག་བཟུང་འབད་དེ་བཞག་དོ་ཡོདཔ་སྦེ་ཨིན་མས།

ཁྲིམས་སྲུང་འགག་སྡེ་གིས་འབད་ཅིན་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་༢༠༠༤ ཅན་མའི་དགོངས་དོན་དང་འཁྲིལཔ་ད་ འདི་བཟུམ་གྱི་བྱ་ངན་འདི་ གཞན་གྱི་བྱང་གཏོར་ཤོར་བའི་ཅ་ཆས་ ཨརཝ་བརྐུ་མི་དང་ བྱང་གཏོར་ཤོར་བའམ་ ནོར་འཁྲུལ་གྱི་ཐོག་ལས་ སྤྲོད་ལེན་འབད་བའི་གནོད་འགལ་ནང་ཚུདཔ་ལས་ དི་བཟུམ་སྦེ་ ཁྲིམས་འགལ་གྱི་ཐོག་ལས་ བདག་བཟུང་འབད་དེ་བཞག་མི་འདི་ལུ་ ཉེས་པ་ཡང་ཕྲ་གི་བཙོན་ཁྲིམས་ ཟླཝ་གཅིག་ལས་ ལོ་ངོ་གཅིག་ཚུན་ཚོད་ ཕོག་ཟེར་བཀོད་དེ་འདུག

ཁྲིམས་སྲུང་འགག་པ་གིས་བཀོད་མི་ནང་ འགྲུལ་འཕྲིན་བྱང་གཏོར་ཤོར་མི་ཚུ་ ལོག་སྟེ་ འཚོལ་འཐོབ་ནི་གི་ཐབས་ལམ་ཚུ་ ལེ་ཤ་ཅིག་རང་ཡོདཔ་ལས་ མི་ག་གིས་རང་འབད་རུང་ བྱང་གཏོར་ཤོར་མི་འགྲུལ་འཕྲིན་ཚུ་འཐོབ་པ་ཅིན་ རང་འབད་སར་མ་བཞག་པར་ འགྲུལ་འཕྲིན་འདི་གི་ཇོ་བདག་དང་ ཡང་ན་ ཁྲིམས་མཐུན་དབང་འཛིན་ཚུ་ལུ་ རྩིས་སྤྲོད་འབད་ཞིནམ་ལས་ དོན་མེད་ཀྱི་ཁྲིམས་འགལ་བྱ་སྤྱོད་ཚུ་ནང་ ཚུད་ནི་ལས་འཛེམ་དགོཔ་སྦེ་ ཉེན་བརྡ་འབདཝ་ཨིན་མས།