གཟའ་ལྷག་པ། ༢༠༡༧ ཟླ་༩ པའི་སྤྱི་ཚེས་༢༦

ཇོ་མོ་གཙང་ཁ་དྲུང་ཁག་ནང་ལུ་ འབྲུག་གི་དངུལ་ཁང་གི་ ཡན་ལག་ཡིག་ཚང་ཅིག་ དགོ་ཁག་ཆེཝ་སྦེ་འཐོན་ཡོདཔ།

སྤྱི་ཟླ་༩ པའི་ཚེས་ ༡༣ ༢༠༡༧

༉ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ ཇོ་མོ་གཙང་ཁ་དྲུང་ཁག་འོག་གི་ རྒེད་འོག་༣གི་ནང་ལས་ མི་སྡེའི་འགོ་འཁྲིདཔ་ཚུ་ རྒེད་འོག་གི་དངུལ་འབྲེལ་གྱི་ལཱ་ཚུ་འབད་བར་ དྲུང་ཁག་འདི་ནང་ལས་ ཀི་ལོ་མི་ཀྲར་༡༩༠གི་ས་ཁར་ཡོད་པའི་ བསམ་གྲུབ་ལྗོངས་མཁར་ལུ་ འགྱོ་དགོཔ་འཐོན་ཏེ་འདུག

འདི་ཡང་ དྲུང་ཁག་འདི་ནང་ལུ་ འབྲུག་གི་དངུལ་ཁང་གི་ ཡན་ལག་ཡིག་ཚང་ཅིག་ མེད་མི་ལུ་བརྟེན་ཏེ་ཨིན་མས།

གནད་དོན་འདི་གི་སྐོར་ལས་ འཕྲལ་ཁམས་ཅིག་ཁར་ རྫོང་ཁག་ཚོགས་འདུ་ཚོགས་པའི་སྐབས་ གྲོས་བསྡུར་བྱུང་ནུག

ད་རེས་བཟུམ་ཅིག་འབད་བ་ཅིན་ ཇོ་མོ་གཙང་ཁ་དྲུང་ཁག་ནང་ལུ་ དངུལ་འབྲེལ་གྱི་ཞབས་ཏོག་ཚུ་བྱིན་མི་ འབྲུག་གོང་འཕེལ་དངུལ་ཁང་གི་ ཡན་ལག་ཡིག་ཚང་ཅིག་ཡོདཔ་ཨིན་མས།

ཨིན་རུང་ མ་དངུལ་དང་ རྒེད་འོག་གི་དངུལ་འབྲེལ་གྱི་ལཱ་ཚུ་ འབྲུག་གི་དངུལ་ཁང་བརྒྱུད་དེ་ འབད་དགོཔ་འཐོན་དོ་ཡོདཔ་ཨིན།

དྲུང་ཁག་འདི་ནང་ལུ་ འབྲུག་གི་དངུལ་ཁང་གི་ ་ཡན་ལག་ཡིག་ཚང་ཅིག་མེད་མི་ལུ་བརྟེན་ དྲུང་ཁག་འདི་ནང་གི་ མི་སྡེའི་འགོ་འཁྲིདཔ་ཚུ་ལུ་ སྟབས་མ་བདེཝ་འཐོན་ཏེ་འདུག

རྫོང་ཁག་གི་དཔོན་ཚུ་གིས་སླབ་མི་ནང་ འབྲུག་གི་དངུལ་ཁང་གིས་ དྲུང་ཁག་འདི་ནང་ལུ་ ཡན་ལག་ཡིག་ཚང་བཙུགས་ནི་གི་ སྤྲོ་བ་ཡོད་པ་ཅིན་ ཁོང་གི་ཁ་ཐུག་ལས་ ཡིག་ཚང་གཞི་བཙུགས་འབད་ནི་གི་དོན་ལས་ ས་ཆ་ཚུ་ གླ་ཁར་བྱིན་ཆོགཔ་སྦེ་ ཡོད་ཟེར་བཤད་ཅི།

འདི་ལུ་ བསམ་གྲུབ་ལྗོངས་མཁར་ལུ་ཡོད་པའི་ འབྲུག་གི་དངུལ་ཁང་གི་ ཡན་ལག་ཡིག་ཚང་གི་འཛིན་སྐྱོང་པ་གིས་སླབ་མི་ནང་ ཇོ་མོ་གཙང་ཁ་དྲུང་ཁག་ནང་ལུ་ ཡན་ལག་ཡིག་ཚང་བཙུགས་ནི་གི་ འོས་འབབ་ཚུ་ག་དེ་སྦེ་རང་ཡོད་ག་ ཡིག་ཚང་ལྟེ་བ་དང་གཅིག་ཁར་ གྲོས་བསྟུན་འབད་འོང་ཟེར་ཨིན་མས།