གཟའ་ལྷག་པ། ༢༠༡༧ ཟླ་༩ པའི་སྤྱི་ཚེས་༢༦

བཀྲིས་གཡང་རྩེ་ རྡོ་གསུམ་ལུ་ མར་ཁུ་བླུགས་སའི་ས་སྒོ་ཅིག་ འཐོབ་ནི་ཨིནམ།

སྤྱི་ཟླ་༩ པའི་ཚེས་ ༡༢ ༢༠༡༧

༉ བཀྲིས་གཡང་རྩེ་ རྡོ་གསུམ་ལུ་ མར་ཁུ་བླུགས་སའི་ས་སྒོ་ཅིག་དགོཔ་ཐོན་ཏེ་ ཡུན་རིངམ་སོང་པའི་ཤུལ་མ་ ད་རེས་ འཕྲལ་མགྱོགས་རང་ མར་ཁུ་བླུག་སའི་ས་སྒོ་ཅིག་ འཐོབ་ནི་ཨིན་མས།

འདི་ཡང་ རྫོང་ཁག་བདག་སྐྱོང་གིས་ ས་གནས་འདི་ནང་ལུ་ མར་ཁུ་བླུགས་སའི་ས་སྒོ་ གཞི་བཙུགས་འབད་ནི་གི་དོན་ལས་ ས་སྒོ་ཅིག་ ངོས་འཛིན་འབད་དེ་ཡོད་མི་ལུ་བརྟེན་ཏེ་ཨིན་མས།

ས་གནས་རྡོ་གསུམ་འདི་ རྫོང་ཁག་འདི་ནང་གི་ རྒེད་འོག་དྲུག་གི་སྦུག་ལུ་ ཆགས་ཏེ་ཡོད་མི་ལུ་བརྟེན་ཏེ་ མར་ཁུ་བླུགས་སའི་ས་སྒོ་ གཞི་བཙུགས་འབད་བ་ཅིན་ རྒེད་འོག་༦གི་མི་སེར་ཚུ་ལུ་ ཕན་ཐོག་འབྱུང་ནི་ཨིན་མས།

ད་རེས་བཟུམ་ཅིག་འབད་བ་ཅིན་ ས་གནས་འདི་ནང་གི་མི་སེར་ཚུ་ མར་ཁུ་བླུགས་ནི་གི་དོན་ལས་ རྡོ་གསུམ་ལས་ ཀི་ལོ་མི་ཀྲར་༣༠དེ་ཅིག་གི་ས་ཁར་ཡོད་པའི་ བཀྲིས་གཡང་རྩེ་ཁྲོམ་ཁར་ལུ་ འགྱོ་དགོཔ་འཐོན་ཏེ་འདུག

ས་གནས་ནང་གི་ མི་སེར་ཚུ་གིས་སླབ་མི་ནང་ སྣུམ་འཁོར་གྱི་གྱངས་ཁ་ ཡར་སེང་འགྱོ་དོ་ཡོད་མི་དང་འབྲེལ་ མར་ཁུ་བླུགས་སའི་ས་སྒོ་ཅིག་ དགོཔ་ཁག་ཆེཝ་སྦེ་རང་འཐོན་ཏེ་ཡོད་ཟེར་བཤད་ཅི།

རྫོང་ཁག་གི་འགོ་དཔོན་ཚུ་གིས་སླབ་མི་ནང་ རྡོ་གསུམ་ཁྲོམ་གྱི་མཇུག་ལུ་སྦེ་ མར་ཁུ་བླུག་སའི་ ས་སྒོ་བརྐྱབ་ནི་གི་ལཱ་འདི་ དུས་ཅི་ར་ འགོ་བཙུགས་ནི་གི་རེ་བ་ཡོད་ཟེར་ཨིན་མས།