གཟའ་ལྷག་པ། ༢༠༡༧ ཟླ་༩ པའི་སྤྱི་ཚེས་༢༦

མོང་སྒར་ལུ་ འཛམ་གླིང་རང་སྲོག་རང་གིས་བཅད་མི་གི་གནད་དོན་ མར་ཕབ་འབད་ནི་གི་ཉིནམ།

སྤྱི་ཟླ་༩ པའི་ཚེས་ ༡༢ ༢༠༡༧

༉ མོང་སྒར་རྫོང་ཁག་ འབྲས་སྤུངས་ལུ་སྦེ་ རང་སྲོག་རང་གིས་བཅད་མི་གི་གནོད་དོན་ བཀག་ཐབས་འབད་ནི་གི་དོན་ལས་ ཉིནམ་གཅིག་གི་རིང་ གོ་བརྡའི་ལས་རིམ་ཅིག་ འགོ་འདྲེན་འཐབ་མི་དང་འབྲེལ་ འཛམ་གླིང་རང་སྲོག་རང་གི་བཅད་མི་གི་གནོད་དོན་ བཀག་ཐབས་འབད་ནི་གི་ཉིནམ་འདི་ཡང་ བརྩི་སྲུང་འབད་ཡི།

འདི་བཟུམ་སྦེ་ ཉིནམ་འདི་ ཁ་ཙ་ རྩི་རང་དང་བསམ་རྩེ་རྫོང་ཁག་ནང་ལུ་ཡང་ བརྩི་སྲུང་འབད་དེ་ཡོདཔ་ཨིན།

གོ་བརྡའི་ལས་རིམ་གྱི་སྐབས་ལུ་ མི་ཚུ་ལུ་ རང་སྲོག་རང་གི་བཅད་མི་གི་གནོད་དོན་ མར་ཕབ་འབད་ནི་གི་དོན་ལས་ གསོ་བ་དང་ ནང་པའི་ཆོས་ཀྱི་ཐོག་ལུ་ གནོད་ཉེན་ཡོད་ལུགས་ཚུ་གི་སྐོར་ལས་ གོ་བརྡ་ཚུ་སྤྲོད་ནུག

མོང་སྒར་ལུ་འབད་བ་ཅིན་ ཉིནམ་འདི་ འབྲས་སྤུངས་རྒེད་འོག་ནང་ལུ་ འགོ་འདྲེན་འཐབ་ཡོདཔ་ད་ འདི་ཡང་ རྒེད་འོག་འདི་ནང་ལས་ རང་སྲོག་རང་གི་བཅད་མི་གི་གནད་དོན་འདི་ མཐོ་ཤོས་ཅིག་སྦེ་ འཐོན་དོ་ཡོད་མི་ལུ་བརྟེན་ཏེ་ཨིན་མས།

མོང་སྒར་རྫོང་ཁག་གི་ གསོ་བའི་འགོ་དཔོན་གོངམ་ བདེ་སྐྱིད་ཕུན་ཚོགས་ཀྱིས་སླབ་མི་ནང་ རང་སྲོག་རང་གིས་བཅད་མི་གི་གནད་དོན་ མར་ཕབ་འབད་ནི་གི་དོན་ལས་ མི་སྡེ་ཅིག་བཟོ་བའི་ཤུལ་མ་ མི་ཚུ་གིས་ རང་སྲོག་རང་གིས་བཅད་མི་གི་གནད་དོན་ཚུ་ སྙན་ཞུ་འབདཝ་མས་ཟེར་བཤད་ཅི།

ལས་རིམ་འདི་ནང་ལུ་བཅའ་མར་གཏོགས་མི་ མི་སེར་སོ་ནམ་པ་ཚུ་གིས་སླབ་མི་ནང་ རང་སྲོག་རང་གིས་བཅད་མི་གི་གནད་དོན་འདི་ ཆང་འཐུང་མི་ལུ་བརྟེན་ཏེ་ འཐོན་དོ་ཡོདཔ་ལས་ ཉེས་པ་གསུམ་གྱི་རྩ་བ་ ཆང་སྤང་དགོཔ་འདི་ ཁག་ཆེཝ་སྦེ་རང་མཐོང་ཡི་ཟེར་ཨིན་མས།

མོང་སྒར་རྫོང་ཁག་ནང་ལུ་ འདས་པའི་ལོ་༢ཀྱི་ནང་འཁོད་ རང་སྲོག་རང་གིས་བཅད་མི་༡༠འཐོན་ས་ལས་༨འདི་ ཨམ་སྲུ་ཨིན་མས།