གཟའ་ལྷག་པ། ༢༠༡༧ ཟླ་༩ པའི་སྤྱི་ཚེས་༢༦

རྩི་ནག་ཚུ་ གོ་རིམ་འབད་མེན་པར་ ཡུག་ཅིམ་སྦེ་རང་ བཏང་དགོ་པའི་ཞུ་བ།

སྤྱི་ཟླ་༩ པའི་ཚེས་ ༡༡ ༢༠༡༧

༉ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ བསམ་གྲུབ་ཆོས་གླིང་དྲུང་ཁག་གི་ མི་སྡེ་འགོ་འཁྲིདཔ་ཚུ་གིས་ བདེ་བ་ཐང་དང་བསམ་གྲུབ་ཆོས་གླིང་གི་བར་ནའི་གཞུང་ལམ་ཀི་ལོ་མི་ཀྲར་༥༠་འབད་མི་འདི་ གོ་རིམ་སྦེ་མེན་པར་ ཚར་གཅིག་གུ་ རྩི་ནག་བཏང་དགོཔ་སྦེ་ཨིན་མས།

གནད་དོན་འདི་ཡང་ ཕྲལ་ཁམས་ཅིག་ཁར་ རྫོང་ཁག་ཚོགས་འདུ་ཚོགས་པའི་སྐབས་ ཐོན་ཡོདཔ་ད་ རྒཔོ་ཚུ་གིས་སླབ་མི་ནང་ ལམ་རྩི་ནག་བཏང་ཚར་མི་ལ་ལུ་ ད་ལྟོ་ལས་རང་ སྦོག་འགྱོ་ནི་འགོ་བཙུགས་ཏེ་འདུག་ཟེར་བཤད་ཅི།

བསམ་གྲུབ་ཆོས་གླིང་དང་བདེ་བ་ཐང་གི་བར་ན་ གཞུང་ལམ་ཀི་ལོ་མི་ཀྲར་༥༠་འབད་ས་ལས་ ད་ལྟོ་ཚུན་ཚད་ གཞུང་ལམ་ཕྱད་ཀ་དེ་ཅིག་ རྩི་ནག་བཏང་ཚར་ཏེ་ཡོདཔ་ལས་ ད་རུང་རང་ ལམ་ཀི་ལོ་མི་ཀྲར་༢༥་དེ་ཅིག་ རྩིས་ནག་བཏང་དགོཔ་འདུག

འདི་ལུ་ བསམ་གྲུབ་ལྗོངས་མཁར་ལུ་ཡོད་པའི་ ལམ་སེལ་ལས་ཁུངས་ཀྱི་བཟོ་རིག་གཙོ་འཛིན་འགོ་དཔོན་ འཇིགས་མེད་ཆོས་གྲུབ་ཀྱིས་སླབ་མི་ནང་ རྩི་ནག་བཏང་ནི་གི་ལཱ་འདི་ཡང་ མ་དངུལ་ཆ་འཇོག་གྲུབ་ད་རང་ འགོ་འདྲེན་འཐབ་དོ་ཟེར་ཨིན་མས།

དུས་ཅི་ མ་དངུལ་ དངུལ་ཀྲམ་ ས་ཡ་༡༠་ལས་བརྒལ་བགོ་བཀྲམ་མ་འབདཝ་ལས་ འདི་གིས་ ལམ་ཀི་ལོ་མི་ཀྲར་༤་དེ་ཅིག་ལས་བརྒལ་ རྩི་ནག་བཏང་མི་ཚུགས་ནི་མས་ཟེར་བཤད་ཅི།

ཁོ་གིས་སླབ་མི་ནང་ ད་རུང་ ལམ་ཀི་ལོ་མི་ཀྲར་༢༡་ རྩི་ནག་བཏང་དགོཔ་ཡོད་མི་གི་དོན་ལས་ ལམ་སེལ་ལས་ཁུངས་ལུ་ མ་དངུལ་ དངུལ་ཀྲམ་ས་ཡ་༣༠་ལྷགཔ་ཅིག་དགོཔ་ཐོན་འོང་ཟེར་ཨིན་མས།

འཁོར་ལམ་རྩི་ནག་བཏང་ཚར་ཏེ་ ལོ་མ་ལངམ་ལས་རང་ སྤོག་འགྱོ་མི་ཚུ་འབད་བ་ཅིན་ ལམ་སེལ་ལས་ཁུངས་ཀྱིས་ འབྲེལ་ཡོད་ཁག་འབགཔ་ལུ་ བཅོ་ཁ་རྐྱབ་བཅུག་དོ་ཡོདཔ་ཨིན་མས།