གཟའ་ལྷག་པ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༢

རྫོང་ཁག་ཚུ་ལུ་ ས་བརྐོ་ནི་གི་འཕྲུལ་ཆས་ཚུ་བགོ་བཀྲམ་གནང་ཡོདཔ།

སྤྱི་ཟླ་༨ པའི་ཚེས་ ༣༡ ༢༠༡༧

༉ གཞུང་གིས་ ཁ་ཙ་ བུམ་ཐང་ལུ་ཡོད་པའི་ དབུས་ཕྱོགས་འཕྲུལ་ཆས་ལས་ཚན་ནང་ལུ་སྦེ་ སོ་ནམ་ཞིང་ལམ་བཏོན་ནི་གི་འཕྲུལ་ཆས་ཚུ་ རྫོང་ཁག་ཚུ་ལུ་ རྩིས་སྤྲོད་ཅི།

དངུལ་ཀྲམ་ས་ཡ་༤༤༥དེ་ཅིག་གནས་པའི་ འཕྲུལ་ཆས་ཚུ་ཡང་ འདས་པའི་ཟླཝ་ནང་ ཇ་པཱན་གཞུང་གིས་་འབྲུག་གཞུང་ལུ་ གྲོགས་རམ་སྦེ་ བྱིན་ཏེ་ཡོདཔ་ཨིན།

རྫོང་ཁག་རེ་གིས་ དངུལ་ཀྲམ་ས་ཡ་༡༠དེ་ཅིག་གནས་པའི་ ས་བརྐོ་ནི་གི་འཕྲུལ་ཆས་ ཀེས་ཀེ་བེ་ཊར་རེ་དང་ བེཀ་ཧོ་རེ་ཐོབ་ནུག

བློན་ཆེན་ དྲག་ཤོས་ཚེ་རིང་སྟོབས་རྒྱས་ཀྱིས་གསུང་མི་ནང་ འཕྲུལ་ཆས་འདི་ཚུ་ ས་གནས་གཞུང་ལུ་རྩིས་སྤྲོད་མི་འདི་ དབང་ཚད་ཕྱིར་སྤེལ་དང་འཁྲིལ་ཏེ་ཨིནམ་མ་ཚད་ འདི་གིས་ མི་སེར་ཚུ་ལུ་ ཐད་ཀར་དུ་ ཕན་ཐོག་འབྱུང་འོང་ཟེར་ཨིན་མས།

འཕྲུལ་ཆས་འདི་ཚུ་ རྩིས་སྤྲོད་འབད་མི་དང་འབྲེལ་ཏེ་ བློན་ཆེན་གྱི་སྐུ་འདུན་ལུ་སྦེ་ སོ་ནམ་བློན་པོ་དང་ རྫོང་བདག་ཚུ་གི་བར་ན་ རྩིས་སྤྲོད་ལེན་གྱི་ འགན་རྒྱ་གུ་ལུ་ མཚན་རྟགས་བཀོད་ནུག

འཕྲུལ་ཆས་འདི་ཚུ་ ལག་ལེན་འཐབ་ནི་གི་ཐད་ཁར་ ལམ་སྟོན་ཚུ་བཟོ་སྟེ་སྦེ་ འཛིན་སྐྱོང་འཐབ་ནི་ཨིན་མས།

ད་རེས་ཀྱི་ རྩིས་ལོ་ནང་འབད་བ་ཅིན་ འཕྲུལ་ཆས་ཚུ་ རྫོང་ཁག་ཚུ་ནང་ལས་ཕར་ སོ་ནམ་ཞིང་ལམ་གསརཔ་བསལ་ནི་གི་དོན་ལས་ ལག་ལེན་འཐབ་ནི་ཨིན་མས།

ད་རུང་ འཕྲུས་ཆས་འདི་ སོ་ནམ་ཞིང་ལམ་ཉམས་བཅོས་འབད་ནི་དང་ ས་གཞི་གོང་འཕེལ་བཏང་ནི་ དེ་ལས་ གནམ་བྱཱར་ལུ་ ཉམས་བཅོས་ཀྱི་ལཱ་ཚུ་འབད་ནི་དང་ བློ་བུར་གྱི་གནས་སྟངས་ཚུ་བྱུང་པའི་སྐབས་ ལག་ལེན་འཐབ་ནི་ཨིན་མས།

ཇ་པཱན་གཞུང་ལས་ འབྲུག་གཞུང་ལུ་ སོ་ནམ་ཞིང་ལམ་བསལ་ནི་གི་ འཕྲུལ་ཆས་དེ་སྦེ་བྱིན་མི་འདི་ ད་རེས་ གྱངས་ཁ་མཐོ་ཤོས་ཅིག་ཨིནམ་དང་ འདི་ཡང་ འབྲུག་ལུ་ སོ་ནམ་ཞིང་ལམ་བསལ་ནི་གི་དོན་ལས་ ཇ་པཱན་གཞུང་གིས་ གྲོགས་རམ་འབད་མི་ གོ་རིམ་གསུམ་པ་ཨིན་མས།