གཟའ་སྤེན་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༠

ཨིར་ཕོན་ལག་ལེན་འཐབ་མི་འདི་གིས་ རྣམ་ཅོག་མེདཔ་བཏང་ནི་གི་ཉེན་ཁག་ཡོདཔ།

སྤྱི་ཟླ་༨ པའི་ཚེས་ ༢༩ ༢༠༡༧

༉ རྣམ་ཅོག་གི་ སྨན་བཅོས་མཁས་པ་ཚུ་གིས་བཀོད་མི་ནང་ ཨིར་ཕོན་་ལག་ལེན་འཐབ་སྟེ་ སྙན་ཆ་དང་གླུ་གཞས་འདི་ཚུ་ སྐད་ཤུགས་སྦེ་ཉན་པ་ཅིན་ རྣམ་ལྕོག་མེདཔ་བཏང་ནི་གི་ ཉེན་ཁ་ཡོད་ཟེར་ཨིན་མས།

ཨིན་རུང་ སྙན་ཆ་གི་སྐད་ཀྱི་ཤུགས་ཚད་འདི་ རན་ཏོག་ཏོ་སྦེ་ཉན་པ་ཅིན་ ཉེན་ཁ་འདི་ མར་ཕབ་འབད་ཚུགས་ཟེར་ཨིན་མས།

ཐིམ་ཕུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ལས་ རྣམ་ལྕོ་དང་ལྷ་པ་ དེ་ལས་ ལྐོདམ་གི་མཁས་མཆོག་ ཕུརཔ་ཚེ་རིང་གིས་སླབ་མི་ནང་ ཨིར་ཕོན་ཉན་པའི་སྐབས་ལུ་ སྐད་ཀྱི་ཤུགས་ཚད་འདི་ བརྒྱ་ཆ་༦༠ལས་འགལ་ནི་མི་འོང་ཟེར་ཨིནམ་དང་ འདི་ཡང་ མཐོ་ཤོས་ར་ དུས་ཡུན་ཆུ་ཚོད་༡་ལས་ལྷག་སྟེ་ ཉན་ནི་མི་འོང་ཟེར་ཨིན་མས།

འདི་བཟུམ་སྦེ་ ཨིར་ཕོན་་་འདི་ཡང་ སྐད་གསལ་ཏོག་ཏོ་སྦེ་ གོ་ཚུགས་པའི་རིགས་ཚུ་ ཉན་དགོ་ཟེར་བཤད་ཅི།

ད་རུང་ ཁོ་གིས་འབད་བ་ཅིན་ མི་ཚུ་གིས་ ཨིར་ཕོན་ལག་ལེན་གྱི་གནོད་པ་འདི་ དུས་འཕྲལ་ལས་ མི་འཚོར་ནི་ཨིན་རུང་ འགོར་ལས་སྦེ་ རྣམ་ཅོག་ལུ་ གནོད་པ་སྦོམ་སྦེ་ར་བྱུང་འོང་ཟེར་ཨིན་མས།

རྣམ་ཅོག་གི་ནང་ན་ དཀའ་ངལ་བྱུང་སྟེ་ཡོད་པའི་ རྟགས་ཚན་ཡང་ རྣམ་ལྕོག་ནང་ལུ་ དོན་མེད་ཀྱི་སྐད་གོ་ནི་དང་ རྣམ་ཅོག་ བསུབ་བཞག་བཞགཔ་བཟུམ་གྱི་ འཚོར་བ་ཚུ་བྱུང་ནི་ཨིན་མས།

འདི་བཟུམ་སྦེ་ ཨིར་ཕོན་སོར་ཡི་ར་ལག་ལེན་འཐབ་མི་འདི་གིས་ཡང་ རྣམ་ཅོག་དང་འབྲེལ་བའི་ ནད་རིགས་ཚུ་ འབུ་ནི་གི་ཉེན་ཁ་ ཡོདཔ་སྦེ་ཨིན་མས།

ཐིམ་ཕུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ལུ་ རྣམ་ཅོག་མ་གོཝ་འགྱོ་མི་དང་ གཞན་རྣམ་ཅོག་དང་འབྲེལ་བའི་ དཀའ་ངལ་ཚུ་ལས་བརྟེན་ཏེ་ ཉིནམ་གཅིག་ནང་ མི་༤༠དེ་རེ་འོང་ས་ལས་ མང་ཤོས་ར་ སློབ་གྲྭ་ནང་འགྱོ་མི་ ཨ་ལོ་ཚུ་ཨིན་མས།

འདི་བཟུམ་སྦེ་ འཛམ་གླིང་གསོ་བའི་ཚོགས་པའི་རྩིས་ཐོ་བཞག་མི་དང་འཁྲིལཔ་ད་ ཨིར་ཕོན་ལག་ལེན་འཐབ་མི་ལས་བརྟེན་ཏེ་ འཛམ་གླིང་ནང་འཁོད་ལུ་ མི་ས་ཡ་ལྷགཔ་ཅིག་ལུ་ གནོད་དེ་ཡོདཔ་སྦེ་ཨིན་མས།