གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༤

སྤ་རོ་འབྲུག་རྒྱལ་ཉེན་བཅོལ་ལས་འཛིན་གྱི་ ཡན་ལག་ཡིག་ཚང་གི་ མ་དངུལ་ལོག་སྤྱོད་འབད་ཡོད་པའི་གནད་དོན་འདི་ མགྱོགས་པ་རང་ ཁྲིམས་སར་བཀལ་ནི།

སྤྱི་ཟླ་༨ པའི་ཚེས་ ༢༩ ༢༠༡༧

༉ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ སྤ་རོ་ལུ་ཡོད་པའི་ འབྲུག་རྒྱལ་ཉེན་བཅོལ་ལས་འཛིན་གྱི་ ཡན་ལག་ཡིག་ཚང་ནང་ལུ་ མ་དངུལ་ལོག་སྤྱོད་འབད་དེ་ཡོད་པའི་གནད་དོན་འདི་ བསྐྱར་ཞིབ་འབད་ཚར་ཏེ་ཡོདཔ་ལས་ མགྱོགས་པ་རང་ ཁྲིམས་ཀྱི་འདུན་སར་ བསྐྱེལ་ནི་སྦེ་འདུག

དངུལ་ཀྲམ་ས་ཡ་༡༣༧་ ལོག་སྤྱོད་འབད་ཡོད་པའི་ གནད་དོན་འདི་ནང་ལུ་ དོགས་པ་ཅན་ངོ་མ་ཅིག་ཨིན་མི་ སྤ་རོ་ འབྲུག་རྒྱལ་ཉེན་བཅོལ་ལས་འཛིན་གྱི་ ཡན་ལག་ཡིག་ཚང་འདི་ནང་གི་ དངུལ་གཉེར་པ་འདི་རྩིས་ཏེ་ མི་༤༧་གྲལ་གཏོགས་ཡོདཔ་ཨིན་མས།

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ དངུལ་གཉེར་པ་འདི་ལུ་ མ་དངུལ་ལོག་སྤྱོད་དང་ ཡིག་ཆ་བྲིས་བསུབ་ དེ་ལས་ རྫུས་ལཱ་དང་གནོད་འགེལ་ནང་ལུ་ གྲལ་གཏོགས་ཡོད་པའི་ཉེས་འཛུགས་ཁག་མ་འདྲཝ་༤༥༠་ལྷགཔ་ཅིག་ བཀལ་ཏེ་འདུག

དེ་ལས་ གཞན་མི་དོགས་པ་ཅན་ཚུ་ལུ་ ལཱ་འགན་ལོག་སྤྱོད་དང་ གནོད་འགེལ་ནང་ལུ་ གྲལ་གཏོགས་འབད་བའི་ཉེས་འཛུགས་ཚུ་བཀོད་དེ་ཡོདཔ་ཨིན།

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་དང་འཁྲིལ་བ་ཅིན་ དོགས་པ་ཅན་ངོ་མ་འདི་གིས་ མ་དངུལ་འདི་ཡང་ སྤྱི་ལོ་༢༠༡༢་ལས་འགོ་བཙུགས་ཏེ་ སྤྱི་ལོ་༢༠༡༥་གི་སྤྱི་ཟླ་༤་པ་ཚུན་ ལོག་སྤྱོད་འབད་ནུག་ཟེར་ཨིན་མས།

ད་རུང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་འབད་བ་ཅིན་ དོགས་པ་ཅན་འདི་གིས་ ཅེག་ རྫུས་མ་བཟོ་ཡོདཔ་མ་ཚད་ མི་ཚུ་གི་ཏི་རུ་ཡང་ རྩིས་ཁྲ་ནང་ལུ་མ་བཙུགས་པར་ ལོག་སྤྱོད་འབད་ནུག་ཟེར་བཀོད་ཅི།

འདི་བཟུམ་སྦེ་ རྩིས་ཁྲ་འཆང་མི་ཚུ་ལས་ གནང་བ་ག་ནི་ཡང་མེད་པར་ ཏི་རུ་ཐེབས་བཏོན་ཏེ་ ལོག་སྤྱོད་འབད་ནུག་ཟེར་ཨིན་མས།

གནད་དོན་འདི་ཡང་ འབྲུག་རྒྱལ་ཉེན་བཅོལ་ལས་འཛིན་གྱིས་ སྤ་རོ་གི་ཡན་ལག་ཡིག་ཚང་ནང་ལུ་ དམིགས་གསལ་གྱི་རྩིས་ཞིབ་ཅིག་འགོ་འདྲེན་འཐབ་པའི་སྐབས་ བདའ་ཟུན་ནུག

གནད་དོན་འདི་ཡང་ འབྲུག་རྒྱལ་ཉེན་བཅོལ་ལས་འཛིན་གྱིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ རྙོགས་བཤད་བཀོད་པའི་ཤུལ་ ལྷན་ཚོགས་འདི་གིས་ ཞིབ་དཔྱད་ཚུ་འགོ་འདྲེན་འཐབ་ནུག

གནད་དོན་འདི་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ ན་ཧིང་ སྤྱི་ཟླ་༤་པའི་ནང་ལུ་ བཏང་སྟེ་འདུག

དོགས་པ་ཅན་ངོ་མ་འདི་ སྤྱི་ལོ་༢༠༡༥་གི་སྤྱི་ཟླ་༦་པའི་ནང་ལུ་ རྒྱལ་ཁབ་ནང་ལས་ མགྱོགས་འགྱོ་ཡོདཔ་ཨིན་རུང་ སྤྱི་ཟླ་༨་པའི་ནང་ལུ་ ཁྱིམ་ཚང་རྒྱལ་ཁབ་སྦལ་བུ་ལས་སྦེ་ བདའ་ཟུན་ཏེ་ཡོདཔ་ཨིན།