གཟའ་ཟླ་བ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༢

ཨེས་པི་པཱ་ལཱས་དང་འབྲེལ་བའི་བཙོན་ཁྲིམས་ཕོག་མི་ཚུ་གིས་ ཁྲིམས་འཐུས་བཏབ་ནི་གི་ཞུ་བ་ཕུལ་བར་འོང་དོ་ཡོདཔ།

སྤྱི་ཟླ་༨ པའི་ཚེས་ ༡ ༢༠༡༧

༉ རྒྱལ་ཁབ་ཀྱི་ཁྲིམས་ཀྱི་འདུན་ས་ལ་ལུ་ཅིག་གི་ནང་ལུ་ ཨེས་པི་པཱ་ལཱས་ཟེར་མི་སྨྱོ་རྫས་ཀྱི་རིགས་ ཁྲིམས་འགལ་ཐོག་ ནག་ཚོང་འཐབ་མི་དང་འབག་སྟེ་ཡོད་པའི་ཉེས་པ་ལས་བརྟེན་ཏེ་ བཙོན་ཁྲིམས་ཕོག་མི་ཚུ་ལས་ ཁྲིམས་འཐུས་བཏབ་ནི་གི་ཞུ་བ་ཚུ་ ལྷོད་ནི་འགོ་བཙུགས་ཏེ་འདུག

ཆེ་མཐོ་ཁྲིམས་ཀྱི་འདུན་ས་ལུ་ ད་རིས་ ཁྲིམས་འཐུས་བཏབ་ནི་སྦེ་ཞུ་བ་ཕུལ་མི་༤་ཐོན་ཡོདཔ་ད་ འདི་བཟུམ་སྦེ་ ཕུན་ཚོགས་གླིང་དྲུང་ཁག་ཁྲིམས་ཀྱི་འདུན་ས་ནང་ལུ་ཡང་ འདི་བཟུམ་གྱི་གནད་དོན་ དག་པ་ཅིག་ཐོན་ནུག

དེ་ལས་ མོང་སྒར་རྫོང་ཁག་ཁྲིམས་ཀྱི་འདུན་ས་ལུ་ འདི་བཟུམ་གྱི་ཞུ་བ་ཕུལ་མི་འདི་ གཅིག་ཐོན་ཡོདཔ་ཨིན་རུང་ ཉེས་ཅན་འདི་ལུ་ མོང་སྒར་ཁྲིམས་ཀྱི་འདུན་ས་ལས་ བཙོན་ཁྲིམས་བཀལ་བཀལཝ་མེནམ་ལས་ ངོས་ལེན་མ་འབད་བས།

མངོན་མཐོ་ཁྲིམས་ཀྱི་འདུན་ས་གིས་ འདས་པའི་བདུན་ཕྲག་ནང་ ཨེས་པི་པཱ་ལཱས་དང་འབྲེལ་བའི་གནད་དོན་ལས་བརྟེན་ཏེ་ དེ་ཚེ་ བཙན་ཁྲིམས་ཕོག་མི་ཚུ་གིས་ བཙོན་ཁྲིམས་ཀྱི་ཚབ་ལུ་ ཁྲིམས་འཐུས་ཚུ་ སྒྲིག་ཐ་ཆོག་པའི་ འཁྲུན་ཆོད་གནང་ཡོདཔ་ཨིན།

ད་རུང་ འཁྲུན་ཆོད་འདི་གིས་ ཨཱེས་པི་པཱ་ལཱས་དང་འབྲེལ་བའི་གནད་དོན་ལས་བརྟེན་ཏེ་ འཁྲུན་ཆོད་མ་གནང་ཚུན་གྱི་ཧེ་མ་ དག་ཟུན་བཞིནམ་ལས་ ཁྲིམས་སྲུང་འགག་པའི་དོ་དམ་ནང་ལས་ཕར་ ཞིབ་དཔྱད་འབད་བའི་བསྒང་ཡོད་མི་ཚུ་ལུ་ཡང་ གབ་དགོ་ནི་ཨིན་མས།

འཁྲུན་ཆོད་འདི་དང་འཁྲིལ་བ་ཅིན་ ཨེས་པི་པཱ་ལཱས་གི་ནང་ལུ་ཡོད་པའི་རྫས་སྦྱོར་ ཊ་མ་ཌཱོལ་ཟེར་མི་འདི་ འབྲུག་གི་སྨྱོ་རྫས་དང་སེམས་ཁམས་འཁྲུག་རྫས་ རྫས་རིགས་ལོག་སྤྱོད་ཀྱི་བཅའ་ཁྲིམས་༢༠༡༥་ཅན་མ་ནང་ལུ་ བཀག་དམ་འབད་དེ་ཡོད་པའི་གྲངས་སུ་ཚུད་དེ་མེདཔ་སྦེ་ཨིན་མས།

འདི་འབདཝ་ལས་ མངོན་མཐོ་ཁྲིམས་ཀྱི་འདུན་ས་གིས་ ད་རེས་ཐེངས་ཕོག་གཅིག་གི་རིང་ ཨཱེས་པི་པཱ་ལཱས་དང་འབྲེལ་བའི་གནད་དོན་ལས་བརྟེན་ཏེ་བཙོན་ཁྲིམས་ཕོག་མི་ཚུ་ལུ་ ཁྲིམས་འཐུས་བཏབ་ཐ་ཆོགཔ་སྦེ་ འཁྲུན་ཆོད་གནང་ཡོདཔ་ཨིན།

ཨིན་རུང་ ཊ་མོ་ཌཱལ་འདི་ སྨན་སྦེ་ཕན་ཁུངས་ཡོད་པའི་སྨྱོ་རྫས་ཀྱི་རིགས་ཅིག་སྦེ་རྩིས་དགོཔ་ལས་ ད་ལས་ཕར་ ཨཱེས་པི་པཱ་ལཱས་ཟེར་མི་སྨྱོ་རྫས་འདི་ འབྲུག་གི་སྨྱོ་རྫས་དང་སེམས་ཁམས་འཁྲུག་རྫས་ རྫས་རིགས་ལོག་སྤྱོད་ཀྱི་བཅའ་ཁྲིམས་༢༠༡༥་ཅན་མ་དང་འཁྲིལ་ ངོས་ལེན་འབད་ནི་ཨིན་མས།

ད་རུང་ མངོན་མཐོ་ཁྲིམས་ཀྱི་འདུན་སའི་འཁྲུན་ཆོད་འདི་གིས་ འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་ལུ་ དུས་ཀྱི་འགྱུར་བ་དང་བསྟུན་ཏེ་ཐོནམ་ད་རང་ བཀད་དམ་འབད་དེ་ཡོད་པའི་ཐོ་ནང་ལུ་མ་ཚུད་པར་ཡོད་པའི་ སྨྱོ་རྫས་ཀྱི་རིགས་ཚུ་ཡང་ བཙུགས་དགོ་པའི་དབང་ཆ་འབྱིན་ཡོདཔ་ཨིན།