གཟའ་མིག་དམར། ༢༠༡༨ ཟླ་༧ པའི་སྤྱི་ཚེས་༡༦

མེ་མེ་ལ་ཁ་ལུ་ ཕྱགས་སྙིགས་མ་ཤོང་པའི་དཀའ་ངལ།

སྤྱི་ཟླ་༧ པའི་ཚེས་ ༣༡ ༢༠༡༧

༉ ཐིམ་ཕུག་ མེ་མེ་ལ་ཁ་ལུ་ཡོད་པའི་ ཕྱགས་སྙིགས་བཀོག་སའི་ས་སྒོ་ནང་ལུ་ ལོ་༡༥དེ་ཅིག་གི་ཧེ་མ་ལས་ ཕྱགས་སྙིགས་ཀྱི་བསྒང་སྟེ་ཡོད་རུང་ ད་ལྟོའི་བར་ན་ཡང་ ཕྱགས་སྙིགས་འདི་ཚུ་ ས་གནས་འདི་ནང་ར་བཀོག་དོ་ཡོདཔ་ཨིན།

ས་གནས་འདི་ནང་ རུལ་བཏུབ་དང་མ་བཏུབ་པའི་ཕྱགས་སྙིགས་ ཉིམ་གཅིག་ནང་ལུ་ སྣུམ་འཁོར་ཀྲག་༡༨དེ་རེ་འབདཝ་ད་ ཕྱགས་སྙིགས་ཀྲོན་༥༡དེ་རེ་གི་རྩིས་ འདི་ནང་ལུ་བཀོག་དོ་ཡོདཔ་ཨིན།

འདི་ཡང་ ཐིམ་ཕུག་ཁྲོམ་སྡེ་གིས་བཀོད་མི་ནང་ ཕྱགས་སྙིགས་བཀོག་སའི་ས་སྒོ་ གསརཔ་ཅིག་བཟོ་ནི་གི་དོན་ལས་ ས་སྒོ་གཏན་ཏོག་ཏོ་ཅིག་མེད་མི་ལུ་བརྟེན་ ད་རེས་ཡོད་པའི་ས་སྒོ་འདི་ར་ ལག་ལེན་འཐབ་དགོཔ་འཐོན་ཏེ་ཡོད་ཟེར་བཤད་ཅི།

མེ་མེ་ལ་ཁ་གི་ ཕྱགས་སྙིགས་བཀོག་སའི་ས་སྒོ་འདི་ སྤྱི་ལོ་༡༩༩༤ལུ་ ལོ་བརྒྱད་ཀྱི་དོན་ལས་ ལག་ལེན་འཐབ་ནི་སྦེ་ བཟོ་ཡོདཔ་ཨིན་རུང་ ས་སྒོ་འདི་ ད་ལྟོའི་བར་ན་ཡང་ ལག་ལེན་འཐབ་དོ་ཡོདཔ་ཨིན།

གསར་སྦིས་ཐང་ལུ་ཡོད་པའི་ ཕྱགས་སྙིགས་བཀོག་སའི་ས་སྒོ་འདི་ ན་ཧིང་ སྒོ་བསྡམ་ཞིནམ་ལས་ཚུར་ འདི་ནང་ལུ་ ཧེང་སྐལ་ར་དཀའ་ངལ་འཐོན་ཡོདཔ་ཨིན་མས།

འདི་ཡང་ ཐིམ་ཕུག་ལས་འཐོན་མི་ ཕྱགས་སྙིགས་ཀྱི་རིགས་ཚུ་ག་ར་ མེ་མེ་ལ་ཁ་ལུ་ བཀོག་དོ་ཡོད་མི་ལུ་བརྟེན་ཏེ་ཨིན་མས།

མེ་མེ་ལ་ཁ་ ཕྱགས་སྙིགས་བཀོག་སའི་ས་སྒོ་ནང་ལུ་ དཀའ་ངལ་མར་ཕབ་འབད་ནི་གི་དོན་ལས་ ཁྲོམ་སྡེ་གིས་ ས་སྒོ་འདི་ རྒྱ་སྐྱེད་འབད་དེ་ ས་ཡི་འོག་གི་ ཆུ་ ཁམས་ལོག་སི་སི་འགྱོ་ནི་ལས་ བཀག་ཐབས་ལུ་ འདི་ནང་ལས་འཐོན་པའི་ ཆུ་ཁམས་ལོག་སི་སི་ཚུ་བསག་ནི་གི་ ཆུ་མཛོད་ཁང་ཡང་བརྐྱབ་ཡོདཔ་ཨིན་མས།

འདི་བཟུམ་སྦེ་ ས་སྒོ་འདི་ ད་རུང་ར་ རྒྱ་སྐྱེད་འབད་ནི་གི་དོན་ལས་ ད་ལྟོ་ ཞིབ་འཚོལ་ཚུ་ འབད་བའི་བསྒང་ར་འདུག