གཟའ་ཟླ་བ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༢

སྣུམ་འཁོར་བཱསི་ནང་ དཔེ་མཛོད་ཁང་བཙུགས་ཏེ་ཡོད་མི་ ཞབས་ཏོག་བྱིན་མི་ལུ་ ངོས་ལེན་ལེགས་ཤོམ་ཡོདཔ།

སྤྱི་ཟླ་༧ པའི་ཚེས་ ༢༦ ༢༠༡༧

༉ ཐིམ་ཕུག་ལུ་ སྣུམ་འཁོར་བཱསི་ནང་ དཔེ་མཛོད་ཁང་བཙུགས་ཏེ་ཡོད་མི་ ཞབས་ཏོག་བྱིན་མི་འདི་ལུ་ འདས་པའི་ལོ་༣གི་ནང་འཁོད་ དཔེ་མཛོད་ལྷག་མི་ སློབ་ཕྲུག་གི་གྱངས་ཁ་ ལེགས་ཤོམ་འཐོན་ཏེ་འདུག

འདི་ཡང་ སྤྱི་ལོ་༢༠༡༣ལུ་ ཞབས་ཏོག་འདི་འགོ་བཙུགས་ཞིནམ་ལས་ སློབ་ཕྲུག་སྟོང་ཕྲག་༩ལྷགཔ་ཅིག་གིས་ ཞབས་ཏོག་འདི་ ལེན་ཡོདཔ་ཨིན།

ཞབས་ཏོག་འདི་ཡང་ གཟའ་ཟླཝ་གི་ཚེས་ ཐིམ་ཕུག་ནང་འཁོད་ཀྱི་ སློབ་ཕྲུག་ཚུ་གི་དོན་ལས་རྐྱངམ་ཅིག་ཨིན་མས།

དཔེ་མཛོད་ཁང་སྦེ་བཙུགས་ཏེ་ཡོད་མི་ སྣུམ་འཁོར་བཱསི་འདི་ དུས་རྒྱུན་གྱི་ས་སྒོ་ནང་ལྷོད་པའི་སྐབས་ སློབ་ཕྲུག་ཚུ་གིས་ རྩེདམོ་རྩེད་ནི་ཡང་བཀོག་བཞག་སྟེ་ བཱསི་འདི་ཡོད་ས་ལུ་ ཞབས་ཏོག་ལེན་པར་འགྱོ་དོ་ཡོདཔ་ཨིན།

མི་རྒས་ཤོས་ཚུ་གིས་ ཨ་ལོ་ཆུང་ཀུ་ཚུ་ལུ་ དཔེ་དེབ་འདི་ཚུ་འཚོལ་ནི་ནང་ ཆ་རོགས་འབད་དེ་བྱིནམ་མ་ཚད་ ཁོང་ལུ་ ལྷག་སྟེ་ཡང་བྱིན་དོ་ཡོདཔ་ཨིན།

འདི་བཟུམ་སྦེ་ བཱསི་འདི་ནང་འོང་མི་ དཔེ་མཛོད་འཛིན་སྐྱོང་པ་འདི་གིས་ སློབ་ཕྲུག་ཚུ་ལུ་ ཀི་དེབ་ནང་ལས་ སྲུང་འདི་ཚུ་ཡང་ ལྷག་སྟེ་བྱིན་དོ་ཡོདཔ་ཨིན།

བཱསི་འདི་ བདུན་ཕྲག་གཉིས་ནང་ཚར་རེ་ གཟའ་ཟླཝ་ལུ་ ཐིམ་ཕུག་གི་ས་གནས་ ཁག་༦་ནང་འགྱོ་དོ་ཡོདཔ་དང་ དུས་ཅི་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ སློབ་ཕྲུག་སྟོང་ཕྲག་༢ལྷགཔ་ཅིག་གིས་ ཞབས་ཏོག་འདི་ལེན་ཡོདཔ་ཨིན།

དཔེ་མཛོད་ཁང་སྦེ་བཙུགས་ཏེ་ཡོད་མི་ བཱསི་འདི་ནང་ ཨ་ལོའི་ཀི་དེབ་དང་ སྲུང་དེབ་ལ་སོགས་པའི་ དཔེ་དེབ་མ་འདྲཝ་ སྟོང་ཕྲག་༣ལྷགཔ་ཅིག་ཡོདཔ་ཨིན།

ཞབས་ཏོག་འདི་ཡང་ དཔེ་དེབ་ལྷག་ནི་གི་སྤྲོ་བ་ཡོད་མི་ཚུ་ལུ་ དཔེ་མཛོད་ཀྱི་ཞབས་ཏོག་འདི་ འཇམ་ཏོང་ཏོ་སྦེ་ ཐོབ་ཚུགསཔ་བཟོ་ནི་གི་དོན་ལས་ སེབ་དཱ་ཅཱིལི་ཌེན་ཡིག་ཚང་དང་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ མི་དམངས་དཔེ་མཛོད་ཁང་གཉིས་ མཉམ་འབྲེལ་གྱི་ཐོག་ལས་ འགོ་བཙུགས་ཡོདཔ་ཨིན།