གཟའ་ཕུར་བུ། ༢༠༡༧ ཟླ་༡༡ པའི་སྤྱི་ཚེས་༢༢

ཐིམ་ཕུག་ལྕང་ཟམ་ཏོག་ལུ་ འཐུང་ཆུ་ལངམ་སྦེ་ འཐོབ་ཚུགས་ནི་ཨིནམ།

སྤྱི་ཟླ་༧ པའི་ཚེས་ ༢༤ ༢༠༡༧

༉ ད་རེས་ལས་འགོ་བཙུགས་ཏེ་ ཤུལ་མའི་ཟླཝ་༣གི་ནང་འཁོད་ ཐིམ་ཕུག་ ལྕང་ཟམ་ཏོག་དང་ འབྲུག་རྒྱལ་ཉེན་སྲུང་ལས་འཛིན་གྱི་ སྒྲིང་ཁྱིམ་ཚུ་གི་བལྟག་ལས་ཕར་ སྡོད་མི་ཚུ་གི་དོན་ལུ་ ཉེན་སྲུང་དང་ལྡན་པའི་ འཐུང་ཆུ་མ་ལང་ལངམ་སྦེ་ འཐོབ་ནི་ཨིན་མས།

འདི་ཡང་ འཕྲལ་ཁམས་ཅིག་ཁར་ ཁྱིམ་གྱི་ཇོ་བདག་ཚུ་དང་ ཐིམ་ཕུག་ཁྲོམ་སྡེ་གཉིས་ཀྱི་བར་ན་ ཞལ་འཛོམས་ཅིག་ཚོགས་པའི་སྐབས་ ད་རེས་ཡོད་པའི་ སྒེར་གྱི་འཐུང་ཆུའི་ ཆུ་དུང་ཚུ་གི་ཚབ་མ་ ལྕགས་ཀྱི་ཆུ་དུང་སྦོམ་ཚུ་ བཙུགས་ནི་སྦེ་ གྲོས་ཐག་བཅད་ནུག

འདི་བཟུམ་སྦེ་ འཐུང་ཆུ་ཚུ་ཡང་ ཀ་རི་ཤ་ལུ་རྐྱབ་སྟེ་ཡོད་པའི་ ཆུའི་བསགས་མཛོད་ཁང་ གསརཔ་འདི་ནང་ལས་ བཀྲམ་སྤེལ་འབད་ནི་ཨིན་མས།

ད་ལྟོ་ཚུན་ཚོད་ ཁྱིམ་གྱི་ཇོ་བདག་ཚུ་གིས་ རང་སོའི་སྒྲིང་ཁྱིམ་ཚུ་ནང་ ཁང་གླ་ཁར་སྡོད་མི་ཚུ་ལུ་ འཐུང་ཆུ་ལངམ་སྦེ་ བཀྲམ་སྤེལ་འབད་ནི་གི་དོན་ལས་ ཀ་རི་ཤ་ལུ་ཡོད་པའི་ ཆུའི་རྐ་ཁ་ལས་ བཀྲམ་སྤེལ་འབད་དེ་སྡོད་ནུག

ད་རེས་ཡོད་པའི་ གྱིབ་ཀྱི་ཆུ་དུང་ཚུ་གི་ཚབ་མ་ ལྕགས་ཀྱི་ཆུ་དུང་སྦོམ་ཚུ་ བཙུགས་ནི་ཨིནམ་ད་ ལྕགས་ཀྱི་ཆུ་དུང་ཚུ་ཡང་ ཀ་རི་ཤ་ལུ་ ཁྲོམ་སྡེ་གིས་རྐྱབ་སྟེ་ཡོད་པའི་ ཆུའི་བསགས་མཛོད་ཁང་གསརཔ་ནང་ལུ་ མཐུད་འབྲེལ་འབད་ནི་ཨིན་མས།

ད་རེས་ གྱིབ་གི་ཆུ་དུང་ཚུ་གི་ཚབ་མ་ ལྕགས་ཀྱི་ཆུ་དུང་ཚུ་བཙུགས་མི་འདི་གིས་ ཆུ་དུང་ནང་ལས་ ཆུ་འཛགས་འགྱོ་ནི་དང་ ལམ་བདའ་སྟེ་ ཆུ་ཨརཝ་ཤོར་ནི་ལས་ བཀག་ཐབས་འབད་ནི་ལུ་ ཕན་ཐོག་འབྱུང་ནི་ཨིན་མས།

འདས་པའི་ཟླཝ་ནང་ ལྕང་ཟམ་ཏོག་ལུ་སྡོད་མི་ མི་༢༣ལུ་ འཐུང་ཆུ་ལས་བརྟེན་པའི་ནད་གཞི་ ཚཝ་མགུ་ནད་ཟེར་མི་ ཐོབ་སྟེ་ཡོདཔ་སྦེ་ ངོས་འཛིན་འབད་ནུག

ད་རུང་ ཁྲོམ་སྡེ་གིས་ འཐུང་ཆུ་མ་ལང་པའི་དཀའ་ངལ་ སེལ་ནི་གི་དོན་ལས་ མུ་ཏིག་ཐང་ལུ་ཡོད་པའི་ ཆུའི་བསགས་མཛོད་ཁང་ནང་ལས་ འཐུང་ཆུ་ཁ་སྐོང་ བཀྲམ་སྤེལ་འབད་ནི་ཨིན་མས།