གཟའ་ཕུར་བུ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༣

གནམ་བྱཱར་གྱི་ངལ་གསོའི་སྐབས་ལུ་ སློབ་ཕྲུག་ཚུ་གིས་ རང་སོའི་ཕམ་ལུ་ ཆ་རོགས་འབད་དོ་ཡོདཔ།

སྤྱི་ཟླ་༧ པའི་ཚེས་ ༢༤ ༢༠༡༧

༉ སློབ་ཕྲུག་ཚུ་གིས་ རང་སོའི་ཕམ་ཚུ་ལུ་ ཆ་རོགས་འབད་ནི་གི་དུས་ཚོད་འདི་ གནམ་བྱཱར་དང་དགུན་གྱི་ངལ་གསོ་འདི་ཨིན་མས།

འདི་འབདཝ་ལས་ ད་རེས་ གནམ་བྱཱར་གྱི་དུས་ཚོད་འདི་ ཡུན་རིངམོ་སྦེ་རང་ བཞག་སྟེ་ཡོདཔ་ཨིན།

མོང་སྒར་རྫོང་ཁག་ ་ཆ་གླིང་འབྲིང་རིམ་སློབ་གྲྭ་འོག་མ་ནང་ལས་ སློབ་ཕྲུག་༢༠དེ་ཅིག་གིས་ ས་གནས་སྒང་སྒོ་ལ་ཟེར་ས་ལུ་ ཚོད་བསྲེ་དང་ གེ་ཛ་གི་སིབ་བཙོང་ནི་གི་ལཱ་འབད་དེ་འདུག

སྐྱེ་ལོ་༡༣ལང་མི་ ཀུན་བཟང་གཡུ་སྒྲོན་འདི་ ཆ་གླིང་འབྲིང་རིམ་སློབ་གྲྭ་འོག་མའི་ནང་ སློབ་རིམ་དྲུག་པའི་སློབ་ཕྲུག་ཅིག་ཨིན་མས།

མོ་གིས་ ལག་གཟེམ་ནང་ལུ་ གེ་ཛ་གི་སིབ་ཚུ་འབག་སྟེ་ སྒང་སྒོ་ལ་ལུ་ བཙོང་པར་འགྱོ་སར་མཐོངམ་ཨིན་མས།

མོ་བཟུམ་སྦེ་རང་ ས་གནས་འདི་ནང་ སློབ་ཕྲུག་གཞན་མི་ཚུ་གིས་ཡང་ སོ་ནམ་གྱི་ཐོན་སྐྱེད་ཚུ་བཙོང་པར་ འོང་སྟེ་འདུག

ཁོང་ཆ་ཁྱབ་ཀྱི་ཐོན་སྐྱེད་ཚུ་ཡང་ མོང་སྒར་ལས་ ཐིམ་ཕུག་གི་བར་ན་ བརྒྱུན་འགྲུལ་འཐབ་མི་ཚུ་གིས་ ཉོ་འབག་དོ་ཡོདཔ་ཨིན་མས།

སློབ་ཕྲུག་གི་ཕམ་ཚུ་གིས་ཡང་ དེ་སྦེ་ གནམ་བྱཱར་གྱི་ངལ་གསོ་ དུས་ཡུན་རིངམོ་སྦེ་བཞག་མི་ལུ་ ངོས་ལེན་ལེགས་ཡོདཔ་ཨིན།

ཆ་གླིང་རྒེད་འོག་ནང་ལུ་ གེ་ཛ་འདི་ ལོ་ཐོག་གཙོ་བོ་ཅིག་ཨིན་མས།

འདི་བཟུམ་སྦེ་ ན་གཞོན་སློབ་ཕྲུག་ཚུ་གི་དོན་ལུ་ ཚོང་འབྲེལ་གྱི་རིག་རྩལ་ ཡར་དྲག་བཏང་ནི་གི་ གོ་སྐབས་ལེགས་ཤོམ་ཅིག་ཨིན་མས།