གཟའ་མིག་དམར། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༨

ཇེ་པི་ཨཱེལ་པི་ཚོང་ལས་ཁང་གིས་ ཁྲལ་ཟུར་ཐབས་འབད་བའི་ཉེས་བྱ་ བཏབ་དགོཔ།

སྤྱི་ཟླ་༧ པའི་ཚེས་ ༢༣ ༢༠༡༧

༉ ཕུན་ཚོགས་གླིང་དྲུང་ཁག་ཁྲིམས་ཀྱི་འདུན་ས་གིས་ ཕུན་ཚོགས་གླིང་ལུ་ཡོད་པའི་ ཚོང་ལས་ཁང་ཅིག་ཨིན་མི་ ཇེ་པི་ཨཱེལ་པི་ལུ་ སྤྱི་ལོ་༢༠༡༡ལས་༢༠༡༤ཚུན་ཚོད་ ཁྲལ་ཟུར་ཐབས་འབད་བའི་ཉེས་བྱ་ དངུལ་ཀྲམ་ས་ཡ་༡༤ལྷགཔ་ཅིག་བཏབ་དགོཔ་སྦེ་ བཀའ་རྒྱ་གནང་ནུག

ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ སྤྱི་ལོ་༢༠༡༥ལུ་ ཇེ་པི་ཨཱེལ་པི་ཚོང་ལས་ཁང་གིས་ སྤྱི་ལོ་༢༠༡༡ལས་༢༠༡༤ཚུན་ཚོད་ དངུལ་ཀྲམ་ས་ཡ་༡༨༤དེ་ཅིག་གི་ ཁྲལ་ཟུར་ཐབས་འབད་ཡོདཔ་སྦེ་ མཐོང་ཡོདཔ་ཨིན་མས།

འདི་གི་ཤུལ་ལས་ ལྷན་ཚོགས་ཀྱིས་ རྩོད་གཞི་འདི་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་བཏང་སྟེ་ འདི་གི་རྩེད་གཤེར་བྱ་རིམ་ཚུ་ སྤྱི་ལོ་༢༠༡༥སྤྱི་ཟླ་༩པའི་ནང་ལས་འགོ་བཙུགས་ནུག

ཇེ་པི་ཨཱེལ་པི་ཚོང་ལས་ཁང་གིས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ རྩིས་བཏོན་དོ་བཟུམ་སྦེ་ དངུལ་ཀྲམ་ས་ཡ་༡༨༤མེན་པར་ ཁྲལ་ཟུར་ཐབས་འབད་བའི་ དངུལ་ཀྲམ་ས་ཡ་༨དང་འབུམ་༦དེ་ཅིག་རྐྱངམ་ཅིག་སྤྲོད་དགོ་ཟེར་ ཁྲིམས་ཀྱི་འདུན་ས་ལུ་ ཞུ་བ་ཕུལ་ཏེ་ཡོདཔ་ཨིན།

ཨིན་རུང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཞུ་བ་ཕུལ་མི་ནང་ ཁྲལ་ཕོག་ནི་གི་དངུལ་ཡོངས་བསྡོམ་འདི་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ གསལ་བཏོན་བྱུང་པའི་ཤུལ་ལས་ ཉེས་བྱ་ཕོག་མི་དང་ ཚོང་ལས་ཁང་གི་ཁ་ཐུག་ལས་ ཕུན་ཚོགས་གླིང་གི་ ཅ་དམ་ཡིག་ཚང་ནང་ལུ་ གསལ་སྟོན་འབད་མི་འདི་ལུ་ གཞི་བཞག་དགོ་ཟེར་ཨིན་མས།

ཁྲིམས་ཀྱི་འདུན་ས་ལས་ རྩོད་གཤེར་འབད་བའི་སྐབས་ལུ་ ཁྲལ་ཟུར་ཐབས་འབད་མི་གི་ དངུལ་ཡོངས་བསྡོམ་ས་ཡ་༡༨༤འདི་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ཁ་ཐུག་ལས་ ཅ་ཆས་ ངོ་མ་ཉོ་བའི་སྐབས་ཀྱི་གནས་གོང་འདི་ བཀོད་དེ་ཡོདཔ་སྦེ་མཐོང་ནུག

དེ་འབདཝ་ལས་ ཁྲིམས་ཀྱི་འདུན་ས་ལས་ ཇེ་པི་ཨཱེལ་པི་ཚོང་ལས་ཁང་ལུ་ ཁྲལ་ཟུར་ཐབས་འབད་མི་ དངུལ་ཀྲམ་ས་ཡ་༡༤ལྷགཔ་ཅིག་སྤྲོད་དགོཔ་དང་ འདི་གི་ཁ་སྐོང་ བཙོན་འཐུས་ དངུལ་ཀྲམ་ས་ཡ་༧ལྷགཔ་ཅིག་བཏབ་དགོཔ་སྦེ་ བཀའ་རྒྱ་གནང་ནུག

རྩོད་རྩ་དང་རྩོད་རྩ་ག་གི་ཁ་ཐུག་ལས་ཡང་ མཐོ་གཏུག་མ་ཞུ་བ་ཅིན་ རྩོད་ཟླ་འདི་གིས་ འཁྲུན་ཆོད་བཏོན་པའི་ཉི་མ་ལས་འགོ་བཟུང་ ཞག་གྲངས་༡༠གི་ནང་འཁོད་ལུ་ དངུལ་འདི་ཚུ་སྤྲོད་དགོཔ་ཨིན་མས།