གཟའ་ཟླ་བ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༢

ལོ་ན་མ་སྨིན་མ་གཅིག་བང་བཙོང་འབད་བའི་ཉེས་པ་ལུ་ ལོ་༡༧་གྱི་བཙོན་ཁྲིམས་ཕོག་ཡོདཔ།

སྤྱི་ཟླ་༧ པའི་ཚེས་ ༡༤ ༢༠༡༧

༉ པདྨ་དགའ་ཚལ་ རྫོང་ཁག་ཁྲིམས་ཀྱི་འདུན་ས་གིས་ སྐྱེས་ལོ་༥༤་ལང་མི་ ཕོ་རྒས་གཅིག་ལུ་ བུམོ་སྐྱེས་ལོ་༡༦་ལང་མི་གཅིག་ དབང་བཙོང་འདོད་སྤྱོད་འབད་ཡོད་པའི་ཉེས་པ་ལས་བརྟེན་ཏེ་ བཙན་ཁྲིམས་ལོ་༡༧་གྱི་ འཁྲུན་ཆོད་བཏོན་ནུག

རྫོང་ཁག་ཁྲིམས་ཀྱི་འདུན་ས་གིས་ འཁྲུན་ཆོད་འདི་ཡང་ དུས་ཅི་ སྤྱི་ཟླ་༥་པའི་ནང་ བཏོན་ཡོདཔ་ཨིན་མས།

འཁྲུན་ཆོད་དང་འཁྲིལཔ་ད་ གཡུས་ལུགས་ཀྱི་སྨན་བཅོས་འབད་མི་ ཕོ་རྒས་འདི་གིས་ དགྱེལ་ནད་ཡོད་མི་ ཉམས་རྒུདཔ་བུམོ་འདི་ སྨན་བཅོས་འབད་ནི་གི་དོན་ལས་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ ལའུ་རི་རྒེད་འོག་གི་ རི་ནང་ལས་ པདྨ་དགའ་ཚལ་ལུ་ འཁྱིད་འབག་ནུག་ཟེར་ཨིན་མས།

དེ་ལས་ སྨན་བཅོས་འབད་མི་དང་འབྲེལ་ཏེ་ ཉེས་ཅན་འདི་གིས་ བུམོ་འདི་ དབང་བཙོང་འདོད་སྤྱོད་འབད་ཡོདཔ་ཨིན་རུང་ ཉེས་ཅན་འདི་གིས་འབད་བ་ཅིན་ ཁོང་ར་གཉིས་ ཁ་འཆམ་ཏེ་སྦེ་ར་ འདོད་སྤྱོད་འབད་ཡི་ཟེར་བཤད་དེ་ཡོདཔ་ཨིན།

འཁྲུན་ཆོད་དང་འཁྲིལཔ་ད་ འདི་བཟུམ་གྱི་ གནས་སྟངས་ན་ལྷོདཔ་ད་ ལོ་ཚད་མ་རན་པའི་ ཨ་ལོ་འདི་གིས་ ཁ་ཟེད་དེ་སྦེ་ འདོད་སྤྱོད་འབད་འབདཝ་ཨིན་རུང་ འདི་ ཁྲིམས་མཐུན་མེན་ཟེར་ཨིན་མས།

གནས་ཚུལ་འབྱུང་ཁུངས་དང་འཁྲིལཔ་ད་ ཉེས་ཅན་འདི་གིས་ མི་ཚུ་ལུ་ སྨན་བཅོས་འབད་ནི་གི་དོན་ལས་ ཧེ་མ་ལས་ར་ ཉམས་རྒུདཔ་འདི་གི་གཡུས་ཁ་ལུ་འོང་སྲོལ་ཡོད་ཟེར་ ཨིན་མས།

བྱ་ངན་འདི་གི་སྐོར་ལས་ ཉམས་རྒུདཔ་འདི་གི་ ཕམ་གཉིས་ཀྱིས་ ཁོང་གི་བུམོ་འདི་ ཉེས་ཅན་འདི་གིས་ བརྡུང་རྫོབ་འབད་དེ་ཡོདཔ་སྦེ་ ཤེས་པའི་ཤུལ་ལས་ ཐོན་ཡོདཔ་དང་ འདི་བསྒང་ བུམོ་འདི་ཡང་ ལོག་ བསམ་གྲུབ་ལྗོངས་མཁར་ལུ་ མོ་རའི་གཡུས་ཁར་ལྷོད་ནུག

བྱ་ངན་འདི་ཡང་ ན་ཧིང་སྤྱི་ཟླ་༧་པའི་ནང་བྱུང་ཡོདཔ་དང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ རྩོད་གཞི་འདི་ ན་ཧིང་སྤྱི་ཟླ་༡༡་པའི་ནང་ ཁྲིམས་ཀྱི་འདུན་ས་ལུ་བཙུགས་ནུག