གཟའ་པ་སངས། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༤

ན་གཞོན་གྱི་དཀའ་ངལ་སེལ་ཐབས་ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་གཞི་རྩ་ ལག་ལེན་འཐབ་དོ་ཡོདཔ།

སྤྱི་ཟླ་༧ པའི་ཚེས་ ༡༤ ༢༠༡༧

༉ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྟེ་བ་གིས་ ན་གཞོན་དང་འབྲེལ་བའི་གནད་དོན་འདི་ཚུ་སེལ་ནི་གི་དོན་ལས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་གཞི་རྩ་འདི་ཚུ་ ལག་ལེན་འཐབ་དོ་ཡོདཔ་ཨིན་མས།

ལྟེ་བ་འདི་ བཀོད་ཁྱབ་མདོ་ཆེན་ དྲག་ཀྲར་ བསམ་གྲུབ་ཆེ་ཏི་རི་གིས་སླབ་མི་ནང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་འདི་ མི་ངོ་གཅིག་གི་གནས་ཚད་ཁར་རྐྱངམ་ཅིག་མེན་པར་ མི་སྡེ་ནང་ལུ་རང་ བསྒྱུར་བ་འབག་འོང་ནི་གི་ཐབས་ལམ་ཅིག་སྦེ་ ལག་ལེན་འཐབ་བཏུབ་པས་ཟེར་བཤད་ཅི།

ད་རུང་ བཀོད་ཁྱབ་མདོ་ཆེན་གྱིས་སླབ་མི་ནང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལས་བརྟེན་ཏེ་ ན་གཞོན་འདི་ཚུ་གིས་ ཁོ་ར་ ག་ཨིན་ན་ཤེས་ཚུགས་པའི་ཁར་ ཁོང་རའི་སེམས་ཀྱི་གནས་སྟངས་འདི་ཡང་ ཤེས་ཚུགས་ནི་ནང་ཕན་ཐོག་ཡོད་ཟེར་ཨིན་མས།

  འདི་གིས་འབད་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་གཞི་རྩ་འདི་ ན་གཞོན་ཚུ་གི་ ཉིན་བསྟར་གྱི་ལག་ལེན་ནང་ལུ་ཚུདཔ་སྦེ་བཟོ་ནི་གི་དོན་ལས་ ན་གཞོན་ཚུ་གི་དོན་ལས་ ཐིམ་ཕུག་ལུ་སྦེ་ ལས་རིམ་ཅིག་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན།

ཉིནམ་ལྔ་གི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ན་གཞོན་འགོ་འཁྲིད་པའི་ལས་རིམ་འདི་ནང་ལུ་ སློབ་གྲྭ་དང་མཐོ་རིམ་སློབ་གྲྭ་ཚུ་ནང་ལས་ ན་གཞོན་༣༠་ལྷགཔ་ཅིག་གིས་ གྲལ་ཁར་གཏོགས་དོ་ཡོདཔ་ཨིན།

ལས་རིམ་འདི་གིས་ ཁོང་ན་གཞོན་ཚུ་ མི་སྡེ་དང་རྒྱལ་ཁབ་ལུ་ཕན་པའི་ མི་ངོ་ཅིག་ལུ་འགྱུར་ནི་གི་དོན་ལས་ ལྷན་ཐབས་འབྱུང་ཚུགས་པའི་རེ་བ་འདུག

ད་རེས་གྲལ་ཁར་གཏོགས་པའི་བསྒང་ཡོད་མི་ ན་གཞོན་འདི་ཚུ་གིས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་སྐོར་ལས་ གོ་བརྡ་སྤྲོད་ནི་དང་ བསྒྱུར་བ་འབག་འོང་མི་ཅིག་ལུ་འགྱུར་ནི་ནང་ བརྩོན་ཤུགས་སྐྱེདཝ་ཨིན་མས།