གཟའ་སྤེན་པ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༥

བུམ་ཐང་ལུ་ ལུག་ལས་བརྟེན་ འཚོ་བ་སྐྱོང་མི་གི་སྲོལ་འདི་ ཉམས་དོ་ཡོདཔ།

སྤྱི་ཟླ་༧ པའི་ཚེས་ ༡༤ ༢༠༡༧

༉ བུམ་ཐང་རྫོང་ཁག་ནང་ལུ་ ལུག་གསོ་སྐྱོང་འཐབ་མི་ དག་པ་ཅིག་ལས་འགལ་མེད་པའི་ཁར་ ཁོང་ཆ་ཁྱབ་ཀྱིས་ཡང་ ལུག་གི་གྱངས་ཁ་ ཡུན་བརྟན་སྦེ་བཞག་ནི་ལུ་ ལཱ་ཁག་བཏང་དོ་ཡོདཔ་ཨིན་མས།

འདི་ཡང་ ཁོང་གི་ལུག་ཚུ་ འཕྲལ་འཕྲལ་སྦེ་ར་ འཕརཝ་དང་ དོམ་ དེ་ལས་ སྤྱང་ཁྱི་ཚུ་གིས་ ཟ་དོ་ཡོད་མི་ལུ་བརྟེན་ཏེ་ཨིན་མས།

ཧེ་མ་འབད་བ་ཅིན་ བུམ་ཐང་འདི་ འཚོ་བ་གཙོ་བོ་ ལུག་གསོ་སྐྱོང་ལས་བརྟེན་ཏེ་ སྡོད་དོ་ཡོདཔ་ཨིན་རུང་ ད་རེས་ནངས་པར་ ལུག་གསོ་སྐྱོང་འཐབ་མི་ ཁྱིམ་གུང་པ་ ༡༢དེ་ཅིག་ལས་འགལ་མེདཔ་ཨིན་མས།

ད་རེས་ བུམ་ཐང་རྫོང་ཁག་ནང་ལུ་ ལུག་གསོ་སྐྱོང་འཐབ་མི་ གཡུས་ཚན་དག་པ་ཅིག་ལས་འགལ་མེདཔ་ད་ འདི་ཚུ་གི་གྲལ་ལས་གཅིག་ ཆུ་སྨད་རྒེད་འོག་འདི་ཨིན་མས།

ཨིན་རུང་ ད་རེས་ གཡུས་ཚན་འདི་ནང་ལུ་ ལུག་གསོ་སྐྱོང་འཐབ་མི་ ཁྱིམ་གུང་པ་༦ལས་འགལ་མེད་པའི་ཁར་ ལུག་གི་གྱངས་ཁ་འདི་ཡང་ ༣༠་ལས་འགལ་མེདཔ་ཨིན་མས།

ལུག་གསོ་སྐྱོང་འཐབ་མི་གི་གྱངས་ཁ་ མར་ཕབ་འགྱོ་མི་འདི་ཡང་ མི་སྟོབས་ལངམ་སྦེ་མེད་མི་དང་ ཤ་མུག་འཛུགས་སྐྱོང་གི་ལཱ་དང་ དབྱཱར་རྩ་དགུན་འབུབ་འཐུ་ནི་ དེ་ལས་ འོང་འབབ་ཆེ་བའི་ལཱ་གཞན་ཚུ་ འབད་མི་ལུ་བརྟེན་ཏེ་ཨིན་མས།

འདི་འབདཝ་ལས་ རྫོང་ཁག་འདི་ནང་ལུ་ ལུག་གསོ་སྐྱོང་ལས་བརྟེན་ཏེ་ འཚོ་བ་སྐྱོང་སྡོད་མི་གི་སྲོལ་འདི་ རྩ་བ་ལས་རང་ ཉམས་ནི་གུར་ལྷོད་དེ་འདུག