གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༤

ཐིམ་ཕུག་ཁྲོམ་ཁར་ ཏམ་ཁུ་འཐུང་མི་ཚུ་ལུ་ ཉེས་བྱ་བཀལ་ཡོདཔ།

སྤྱི་ཟླ་༧ པའི་ཚེས་ ༡༤ ༢༠༡༧

༉ འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་གྱིས་ ཐིམ་ཕུག་ལུ་ འདས་པའི་ཉིནམ་༣གྱི་ནང་འཁོད་ མི་དམངས་ཀྱི་ས་སྒོ་ཚུ་ནང་ལས་ཕར་ ཏམ་ཁུ་འཐུང་མི་ ༡༩བདའ་ཟུན་ཏེ་སྦེ་ ཉེས་བྱ་ཚུ་བཀལ་ནུག

ཏམ་ཁུ་འདམ་འཛིན་གྱི་བཅའ་ཁྲིམས་༢༠༡༤ཅན་མ་དང་འཁྲིདཔ་ད་ མི་དམངས་ཀྱི་ས་སྒོ་ཚུ་ནང་ལས་ཕར་ ཏམ་ཁུ་འཐུང་ནི་འདི་ ཁྲིམས་ལས་འགལ་བ་ཨིནམ་ལས་ ཉེས་བྱ་ཕོག་ཟེར་བཀོད་དེ་ཡོདཔ་ཨིན།

བཅའ་ཁྲིམས་ལག་ལེན་འཐབ་མི་ ཁྲིམས་དོན་འགོ་དཔོན་ཚུ་གིས་ ཐིམ་ཕུག་ཁྲོམ་ཁར་ གནམ་བསྲོ་བའི་བསྒང་ལས་ བལྟ་བརྟོག་འབད་དོ་ཡོདཔ་ཨིན་མས།

འདི་བསྒང་ ཁོང་འགོ་དཔོན་ཚུ་གིས་ ཁྲིམས་ལུགས་ལས་འགལ་བའི་ ལཱ་འབད་མི་ཚུ་ འཇམ་ཏོག་ཏོ་སྦེ་ བདའ་ཟུན་དོ་ཡོདཔ་ཨིན།

ཏམ་ཁུ་འཐུང་མི་ཚུ་ལུ་ ཉེས་བྱ་དངུལ་ཀྲམ་༥༠༠རེ་ སྤྲོད་དགོཔ་སྦེ་ སླབ་དོ་ཡོདཔ་ཨིན།

ཁོང་འགོ་དཔོན་ཚུ་གིས་ ཁྲོམ་འདི་ནང་ དམིགས་གསལ་གྱི་བལྟ་བརྟོག་གི་ལས་རིམ་ འགོ་འདྲེན་འཐབ་མི་འདི་ཡང་ གནམ་བྱཱར་གྱི་ངལ་གསོ་ དུས་ཡུན་རིངམོ་སྦེ་བཞག་སྟེ་ཡོད་མི་དང་འབྲེལ་ ན་གཞོན་སློབ་ཕྲུག་ཚུ་ ཏམ་ཁུ་དང་ཏམ་ཁུའི་ཐོན་སྐྱེད་ ལག་ལེན་འཐབ་ནི་ལས་ བཀག་ཐབས་ལུ་དམིགས་ཏེ་ཨིན་མས།

ཁྲོམ་འདི་ནང་ མི་དམངས་ཀྱི་ས་སྒོ་ཚུ་ནང་ལས་ཕར་ ཏམ་ཁུ་འཐུང་མི་ཡོདཔ་མེདཔ་ བལྟ་བརྟོག་འབད་ནི་གི་ལས་རིམ་འདི་ཡང་ གནམ་བྱཱར་གྱི་ངལ་གསོ་ མཇུག་མ་བསྡུཝ་ཚུན་ཚོད་ འགོ་འདྲེན་འཐབ་ནི་ཨིན་མས།

སྨྱོ་རྫས་སྤྱོད་ནི་གི་ རྒྱུ་རྐྱེན་འགོ་དང་པ་རང་ ཏམ་ཁུ་འདི་ཨིནམ་ལས་ ད་རེས་ བལྟ་བརྟོག་གི་ལས་རིམ ་འགོ་འདྲེན་འཐབ་མི་འདི་གིས་ མི་ཚུ་ སྨྱོ་རྫས་སྤྱོད་ནི་ལས་ བཀག་ཚུགས་པའི་རེ་བ་འདུག