གཟའ་ལྷག་པ། ༢༠༡༧ ཟླ་༩ པའི་སྤྱི་ཚེས་༢༦

ཐིམ་ཕུག་སྒྱི་བདག་འོགམ་ལུ་ གསོ་སྐྱེ་ཤ་མུ་འདི་ དངུལ་ཐོག་གཙོ་བོ་ཅིག་ལུ་འགྱུར་ཏེ་ཡོདཔ།

སྤྱི་ཟླ་༧ པའི་ཚེས་ ༡༤ ༢༠༡༧

༉ ཐིམ་ཕུག་རྫོང་ཁག་ སྒྱི་བདག་འོགམ་གཡུས་ཁའི་མི་སེར་ཚུ་གི་དོན་ལས་ ཤི་ཏ་ཀི་ཤ་མུ་ཟེར་ གསོ་སྐྱེ་ཤ་མུ་འདི་ དངུལ་གྱི་འོང་འབབ་བཟོ་སའི་ ཐོན་ཁུངས་གཙོ་བོ་ཅིག་སྦེ་འཐོན་ཏེ་འདུག

འདི་ཡང་ ཤ་མུ་མཁོ་འདོད་བསྐྱེད་མི་གི་གྱངས་ཁ་ ཡར་སེང་འགྱོ་མི་དང་འབྲེལ་ གཡུས་འདི་ནང་གི་མི་སེར་ཚུ་གིས་ གསོ་སྐྱེ་ཤ་མུ་འདི་ དངུལ་ཐོག་གཙོ་བོ་ཅིག་སྦེ་ འཛུགས་སྐྱོང་འཐབ་ནི་གི་ གདམ་ཁ་རྐྱབ་སྟེ་ཡོདཔ་ཨིན།

ཤི་ཏ་ཀི་ཟེར་མི་འདི་ ཇ་པཱན་གྱི་ཁ་སྐད་ནང་ལས་ སི་སི་ཤིང་ཚུ་གུར་སྐྱེས་མི་ ཤ་མུ་གི་རིགས་ཅིག་ལུ་སླབ་ཨིན་མས།

སྒྱི་བདག་འོགམ་གཡུས་ཚན་ནང་ལུ་ ཁྱིམ་གུང་པ་༢༥ཡོདཔ་ད་ ཡུདཔ་ཅི་ག་རང་གིས་ ཤ་མུ་འདི་ འཛུགས་སྐྱོང་འཐབ་ཨིན་མས།

མི་ཚུ་གིས་ ཤ་མུ་འདི་ ནང་འཁོད་ཀྱི་ཤ་མུ་ཚོང་འབྲེལ་འཐབ་མི་ཚུ་ལུ་ ཀེ་ལྗིད་རེ་ལུ་ དངུལ་ཀྲམ་༥༠༠སྦེ་ བཙོང་དོ་ཡོདཔ་ཨིན་མས།

གསོ་སྐྱེ་ཤ་མུ་མཁོ་འདོད་བསྐྱེད་མི་གི་གྱངས་ཁ་ ཡར་སེང་འགྱོ་མི་འདི་ཡང་ ཤ་མུ་འདི་ལུ་ ཤ་གི་དྲིམ་ཡོད་པའི་ཁར་ བྲོཝ་ཡང་ཞིམ་ཏོང་ཏོ་ཡོད་མི་ལུ་བརྟེན་ཏེ་ཨིན་མས།

གཡུས་ཚན་འདི་ནང་གི་ མི་སེར་ལ་ལོ་ཅིག་གིས་ གསོ་སྐྱེ་ཤ་མུ་འཛུགས་སྐྱོང་འཐབ་ནི་འདི་ སྤྱི་ལོ་༢༠༠༨ལས་རང་ འགོ་བཙུགས་ཏེ་ཡོདཔ་ད་ ལ་ལོ་ཅིག་གིས་ ད་རེས་ནངས་པ་ འགོ་བཙུགས་ཏེ་འདུག

ཨིན་རུང་ ཤ་མུ་འདི་འཛུགས་སྐྱོང་འཐབ་པའི་སྐབས་ གདོང་ལེན་ཆེ་ཤོས་རང་ ཤ་མུ་བཙུགས་སའི་ ཤིང་དུམ་ཚུ་གུར་ ནད་འབུབ་དང་ ཤ་མུ་གི་རིགས་ གཞན་མི་ཚུ་སྐྱེ་དོ་ཡོད་མི་འདི་ཨིན་མས།

གཡུས་འདི་ནང་ལུ་ ཤ་མུ་གི་གསོན་ཚུ་ གཞུང་གིས་རིན་མེད་སྟོང་པ་སྦེ་གནང་དོ་ཡོདཔ་ཨིན་རུང་ གསོན་བཙུགས་ནི་གི་དོན་ལས་ ཤིང་དུམ་ཚུ་མ་ཐོབ་པའི་ དཀའ་ངལ་་འཐོན་ཏེ་འདུག

འདི་ཡང་ གཡུས་འདི་ནང་གི་མི་སེར་སོ་ནམ་པ་ཚུ་ སི་སི་གི་ཤིང་དུམ་ཚུ་ལེན་ནི་གི་དོན་ལས་ ལཱ་ཁག་སྦེ་ དགེ་བསྙེན་ཁ་དང་ ས་གནས་གཞན་ཚུ་ནང་ལས་ཕར་ འགྱོ་དགོཔ་འཐོན་དོ་ཡོདཔ་ཨིན་མས།