གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༤

དབང་གྲགས་རྡོ་རྗེ་གིས་ ན་གཞོན་གསེར་གྱི་རྟགས་མ་ཐོབ་ཡོདཔ།

སྤྱི་ཟླ་༧ པའི་ཚེས་ ༡༢ ༢༠༡༧

  ༉ ན་གཞོན་གསེར་གྱི་རྟགས་མའི་ལས་རིམ་ཐེངས་༡༠་པ་ནང་ལས་ དུས་ཅི་ ན་གཞོན་གསེར་གྱི་རྟགས་མ་འདི་ ཐིམ་ཕུག་ ཌག་ཊར་སྟོབས་རྒྱལ་སློབ་གྲྭའི་སློབ་ཕྲུག་ དབང་གྲགས་རྡོ་རྗེ་གིས་ ཐོབ་ཅི།

དྲག་ཤོས་ཐོན་མི་ཚུ་ལུ་ གསོལ་རས་ཚུ་ཡང་ ཁ་ཙ་ མི་དབང་རྒྱལ་ཡུམ་ ཚེ་རིང་པདམོ་དབང་ཕྱུག་མཆོག་གིས་ གནང་ཡི།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ཡང་ ཁ་ཙ་ཉིན་མ་ཁམས་ཅིག་ཁར་ ལས་རིམ་འདི་ནང་ལུ་གྲལ་ཁར་གཏོགས་མི་སློབ་ཕྲུག་ཚུ་ལུ་ མཇལ་ཕྲད་གནང་ཡི།

ན་གཞོན་གསེར་གྱི་རྟགས་མ་ཐོབ་སྟེ་ཡོད་མི་ དབང་གྲགས་རྡོ་རྗེ་གིས་སླབ་མི་ནང་ བདུན་ཕྲག་ཅིག་གི་ལས་རིམ་འདི་ནང་ལས་ ཁོ་གིས་ ཤེས་ཡོན་དང་ཉམས་མྱོང་འདི་ཚུ་ ལེ་ཤཱ་ཅིག་རང་ ཐོབ་ཅི་ཟེར་བཤད་ཅི།

དབང་གྲགས་རྡོ་རྗེ་གིས་ ན་གཞོན་གོང་འཕེལ་མ་དངུལ་གྱི་སློབ་གཉེར་གྲོགས་རམ་ཐོག་ལས་ ཤེས་ཡོན་སྦྱང་ནི་གི་གོ་སྐབས་ཐོབ་ནི་ཨིན་མས།

ན་གཞོན་གསེར་གྱི་རྟགས་མའི་ལས་རིམ་འདི་ནང་ལས་ ཨང་གཉིས་པ་འདི་ སྤ་རོ་ འབྲུག་རྒྱལ་སློབ་གྲྭ་ལྟེ་བ་ནང་ལས་ ཨ་བི་ཤེཀ་ག་ལེ་གིས་ཐོན་ཡི།

དེ་ལས་ ཨང་གསུམ་པ་འདི་ ཧཱ་ལུ་ཡོད་པའི་ ཁྱུང་འདུད་དམག་སྡེ་སློབ་གྲྭ་ནང་ལས་ ཚུལ་ཁྲིམས་དབང་ཕྱུག་ དང་ ཨང་བཞི་པ་འདི་ དགེ་ལེགས་ཕུག་འབྲིང་རིམ་སློབ་གྲྭ་གོང་མའི་སློབ་ཕྲུག་ ཡོན་ཏན་རྒྱ་མཚོ་གིས་ཐོན་ཏེ་འདུག

ཨང་དང་པ་དང་གཉིས་པ་ཐོན་མི་སློབ་ཕྲུག་གཉིསཔ་འདི་གིས་ དུས་ཅི་ ཧོང་ཀོང་ལུ་སྦེ་འགོ་འདྲེན་འཐབ་ནི་ཨིན་མི་ རྒྱལ་སྤྱི་ན་གཞོན་གྱི་ལས་རིམ་ནང་ལུ་ བཅའ་མར་གཏོགས་ནི་གི་གོ་སྐབས་ ཐོབ་ནི་ཨིན་མས།

ན་གཞོན་གསེར་གྱི་རྟགས་མའི་ལས་རིམ་འདི་ནང་ལས་ དབང་འདུས་ཕོ་བྲང་ བ་ཇོ་འབྲིང་རིམ་སློབ་གྲྭ་གོང་མ་གིས་ མི་སྡེའི་གྲོས་འཆར་དྲག་ཤོས་བཙུགས་ཡོད་པའི་ གསོལ་རས་ཐོབ་ཅི།

འདི་བཟུམ་སྦེ་ པདྨ་དགའ་ཚལ་རྫོང་ཁག་གིས་ རྫོང་ཁག་གསར་གཏོད་ཀྱི་ལས་འགུལ་གྱི་གསོལ་རས་ཐོབ་སྟེ་ཡོདཔ་ཨིན།

ན་གཞོན་གསེར་གྱི་རྟགས་མའི་ལས་རིམ་ནང་ལུ་ ལོ་བསྟར་བཞིན་ རྒྱལ་ཁབ་ནང་འཁོད་ཀྱི་སློབ་གྲྭ་ཚུ་ནང་ལས་ སློབ་ཕྲུག་༨༠་གིས་ རྩོམ་རིག་དང་རྩེད་རིག་ དེ་ལས་ གཞན་མི་ལྕོགས་གྲུབ་སྟོན་ནི་གི་ལས་རིམ་ཚུ་ནང་ལུ་ དོ་འགྲན་འབད་དོ་ཡོདཔ་ཨིན།

ལས་རིམ་འདི་གིས་ ན་གཞོན་འདི་ཚུ་ འགན་ཁུར་ཅན་དང་བརྩོན་ཤུགས་ཅན་ཅིག་ལུ་འགྱུར་ནི་གི་སེམས་ཤུགས་འབྱིན་དོ་ཡོདཔ་མ་ཚད་ དཔེ་ཆ་དང་གཞན་མི་ལས་རིམ་ཚུ་ནང་ལུ་ མཆོག་འགྱུར་འབད་ཚུགས་པའི་རྒྱུད་བསྐུལ་ཚུ་ཡང་ འབདཝ་ཨིན་མས།
ན་གཞོན་གོང་འཕེལ་མ་དངུལ་གྱིས་ ན་གཞོན་གསེར་གྱི་རྟགས་མའི་ལས་རིམ་འདི་ཡང་ སྤྱི་ལོ་༢༠༠༨་ལས་ཚུར་ འགོ་འདྲེན་འཐབ་ནི་འགོ་བཙུགས་ཏེ་འདུག