གཟའ་པ་སངས། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༩

གསེར་ཐིག་དང་ལའུ་རི་ལུ་འཁོར་ལམ་ཡོད་རུང་ ཟམ་མེདཔ།

སྤྱི་ཟླ་༧ པའི་ཚེས་ ༡༢ ༢༠༡༧

༉ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ གསེར་ཐིག་དང་ ལའུ་རི་རྒེད་འོག་གི་ མི་སེར་ཚུ་གི་དོན་ལས་ སྣུམ་འཁོར་ཐལ་བའི་ཟམ་ཚུ་ དགོཔ་ངེས་བདེན་སྦེ་རང་ཡོདཔ་སྦེ་ཨིན་མས།

མི་ཚུ་གིས་སླབ་མི་ནང་ འཁོར་ལམ་གྱི་མཐུན་རྐྱེན་ཡོད་རུང་ སྣུམ་འཁོར་ཟལ་བའི་ཟམ་མེད་པའི་བསྒང་ལས་ བརྒྱུན་འགྲུལ་འཐབ་ཚུགས་པའི་འོས་འབབ་རང་མིན་འདུག་ཟེར་བཤད་ཅི།

ཇོ་མོ་གཙང་ཁ་དྲུང་ཁག་ནང་ལས་ གསེར་ཐིག་དང་ལའུ་རི་རྒེད་འོག་ནང་ལུ་འགྱོ་བའི་སྐབས་ ཆུ་སྦོམ་བཞི་བརྒལ་འགྱོ་དགོ་དོ་ཡོདཔ་ཨིན་མས།

ལའུ་རི་དང་གསར་ཐིག་རྒེད་འོག་གི་ མི་སྡེའི་འགོ་འཁྲིདཔ་ཚུ་གིས་སླབ་མི་ནང་ གནམ་བྱཱར་ལུ་ འཕྲལ་འཕྲལ་སྦེ་ར་ ཆུ་དང་གཙང་ཆུ་ཚུ་འབྲས་དོ་ཡོདཔ་ལས་ ལམ་འདི་ཁ་ལས་ སྣུམ་འཁོར་ཚུ་ རྒྱུན་འབྲེལ་འཐབ་མི་ཚུགས་པས་ཟེར་བཤད་ཅི།

འདི་ལུ་ བསམ་གྲུབ་ལྗོངས་མཁར་ལུ་ཡོད་པའི་ ལམ་སེལ་ལས་ཁུངས་ཀྱིས་བཀོད་མི་ནང་ ཇོ་མོ་གཙང་ཁ་ལས་ ལའུ་རི་ཚུན་ ཟམ་བཞི་བརྐྱབ་དགོཔ་ཡོད་ས་ལས་ གཅིག་འདི་ བརྐྱབ་ཚར་ཏེ་ཡོད་ཟེར་ཨིན་མས།

ཨིན་རུང་ གཞན་མི་གཉིས་འདི་ ད་ལྟོ་བརྐྱབ་པའི་བསྒང་དང་ ཨ་ཁུ་རི་ཆུ་གུ་ལས་ སྣུམ་འཁོར་ཐལ་བའི་ཟམ་བཞི་པ་འདི་ སང་ཕོད་བརྐྱབ་ནི་གི་ འཆར་གཞི་བརྩམ་དོ་ཟེར་བཤད་ཅི།

འདི་གིས་འབད་ མི་སེར་ཚུ་གིས་ གནམ་འབྱ་སྣུམ་འཁོར་བཏང་འགྱོ་མ་ཚུགས་པའི་དཀའ་ངལ་འདི་ སེལ་ཚུགས་པའི་རེ་བ་ཡོདཔ་སྦེ་ཨིན་མས།

བསམ་གྲུབ་ལྗོངས་མཁར་ ཇོ་མོ་གཙང་ཁ་དྲུང་ཁག་ལས་ གསེར་ཐིག་བརྒྱུད་དེ་ ལའུ་རི་ཚུན་ ཀི་ལོ་མི་ཀྲར་༦༠འབད་མི་ འཁོར་ལམ་འདི་ཡང་ སྤྱི་ལོ་༢༠༡༤་ལུ་ཚར་ནུག