གཟའ་ཉི་མ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༡

མི་སྡེའི་ཨིསི་ཀཱའུཊ་སྡེ་ཚན་གྱིས་ རྒྱལ་ཁབ་ནང་གི་མཆོད་རྟེན་ཚུ་ལུ་ སྐུ་དཀར་གསོལ་དོ་ཡོདཔ།

སྤྱི་ཟླ་༧ པའི་ཚེས་ ༡༠ ༢༠༡༧

  ༉ རྒྱལ་ཁབ་ནང་ལུ་ མཆོད་རྟེན་བརྒྱ་དང་བརྒྱད་ སྐུ་དཀར་གསོལ་ནི་གི་དམིགས་གཏད་བསྐྱེད་མི་ མི་སྡེའི་ ཨིསི་ཀཱའུཊ་སྡེ་ཚན་འདི་ ད་རེས་ ཐིམ་ཕུག་ལུ་ལྷོད་དེ་ཡོདཔ་ཨིན།

མཆོད་རྟེན་སྐུ་དཀར་གསོལ་ནི་གི་ལས་འགུལ་འདི་ཡང་ མི་དབང་རྒྱལ་སྲས་མཆོག་གི་ འཁྲུངས་སྐར་ལུ་ གུས་བཏུད་ཞུ་ནི་གི་དོན་ལས་ ན་ཧིང་ སྤྱི་ཟླ་༡༡པའི་ནང་ལས་ འགོ་བཙུགས་ནུག

སྡེ་ཚན་འདི་གིས་ ད་རེས་ ཐིམ་ཕུག་སྨད་ཝང་རྒེད་འོག་ནང་ལུ་ མཆོད་རྟེན་༡༧་ སྐུ་དཀར་གསོལ་ཚར་ཏེ་འདུག

འདི་བཟུམ་སྦེ་ ཆུ་ཁ་དང་སྤ་རོ་རྫོང་ཁག་འོག་གི་ མཆོད་རྟེན་༢༤ལུ་ སྐུ་དཀར་གསོལ་ཚར་ཏེ་ཡོདཔ་ཨིན།

ད་རུང་ ཁོང་ཁས་བླང་སྡེ་ཚན་འདི་གིས་ སྐུ་དཀར་གསོལ་ནི་གི་མ་དོ་བར་ མཆོད་རྟེན་གི་རི་མོ་ བཞེས་ས་ཕུལ་དགོ་མི་ཚུ་ཡང་ འབད་དོ་ཡོདཔ་ཨིན་མས།

སྐུ་དཀར་གསོལ་ནི་གི་ལཱ་འདི་ཡང་ བདུན་ཕྲག་ངལ་གསོའི་སྐབས་ལུ་འབད་དོ་ཡོདཔ་ད་ འདི་ཡང་ སྡེ་ཚན་འདི་ལུ་ ཆ་རོགས་དང་གྲོགས་རམ་འབད་མི་ མང་སུ་ཅིག་འཐོན་ནི་གི་དོན་ལས་ཨིན་མས།

སྡེ་ཚན་འདི་ནང་ལུ་མང་ཤོས་ཅིག་ ཨིསི་ཀཱའུཊ་དང་ ཁས་བླང་པ་ གཞོནམ་ཚུ་ཡོདཔ་ཨིན་མས།

ལས་འགུལ་འདི་ རྫོང་ཁག་༢༠ནང་ལུ་ཡོད་པའི་ མི་སྡེའི་ ཨིསི་ཀཱའུཊ་སྡེ་ཚན་ཚུ་གིས་ རང་སོའི་རྫོང་ཁག་ཚུ་ནང་ལུ་ཡང་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་མས།

འདི་བཟུམ་གྱི་ལས་རིམ་ འགོ་འདྲེན་འཐབ་མི་འདི་ཡང་ རྒྱལ་ཁབ་ནང་ལུ་ ཁས་བླང་གི་སེམས་ཤུགས་ ཡར་དྲག་བཏང་ཐབས་ལུ་དམིགས་ཏེ་ འགོ་འདྲེན་འཐབ་ཨིན་མས།

མཆོད་རྟེན་སྐུ་དཀར་གསོལ་མི་འདི་གིས་ མི་སྡེ་ནང་ལུ་ མཆོད་རྟེན་གསརཔ་སྦེ་མཇལཝ་མ་ཚད་ ན་གཞོན་ཚུ་གི་དོན་ལུ་ མི་སྡེའི་ཞབས་ཏོག་ཞུ་ཡོད་པའི་ ལམ་སྟོན་དང་ཤུལ་བྱ་ཚུ་ བཞག་ཚུགས་ཏེ་འདུག

མི་སྡེའི་ཨིསི་ཀཱའུཊ་སྡེ་ཚན་འདི་གིས་ རྒྱལ་ཁབ་ནང་ལུ་ མཆོད་རྟེན་སྐུ་དཀར་གསོལ་ནི་གི་ལས་འགུལ་འདི་ཡང་ སང་ཕོད་སྤྱི་ཟླ་༢པའི་ནང་ མཇུག་བསྡུ་ཚུགས་པའི་རེ་བ་འདུག