གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༤

ད་རེས་ནངས་པའི་མཐུན་རྐྱེན་ཚུ་ཡོད་པའི་ བཟའ་ཚང་དང་ཨ་ལོའི་ཁྲིམས་ཁྲི།

སྤྱི་ཟླ་༦ པའི་ཚེས་ ༢༩ ༢༠༡༧

༉ ཐིམ་ཕུག་རྫོང་ཁག་ཁྲིམས་ཀྱི་འདུན་ས་ལུ་ ད་རེས་ནངས་པའི་མཐུན་རྐྱེན་ཚུ་ག་ར་ཡོད་པའི་ བཟའ་ཚང་དང་ཨ་ལོའི་དོན་ལས་ དམིགས་གསལ་གྱི་ཁྲིམས་ཁྲི་ཅིག་ སོ་སོ་སྦེ་ར་ གཞི་བཙུགས་འབད་ཡི།

འདི་བཟུམ་གྱི་ཁྲིམས་ཁྲི་འདི་ རྒྱལ་ཁབ་ཀྱི་ དྲངས་ཁྲིམས་ལྷན་སྡེ་ནང་ལུ་ ད་རེས་འགོ་དང་པ་ གཞི་བཙུགས་འབདཝ་ཨིན་མས།

ཁྲིམས་ཁྲི་གསརཔ་འདི་ཡང་ མི་དབང་རྒྱལ་པོའི་སྲསམོ་ བསོད་ནམས་བདེ་ཆེན་དབང་ཕྱུག་མཆོག་གིས་ འགོ་འབྱེད་མཛད་གནང་ཡི།

མངོན་མཐོ་ཁྲིམས་ཀྱི་འདུན་སའི་ རྩོད་འཛིན་ཡོངས་ཁྱབ་ ཚེ་རིང་རྡོ་རྗེ་གིས་སླབ་མི་ནང་ ཧེ་མ་འདི་བཟུམ་གྱི་ཁྲིམས་ཁྲི་ཅིག་མེད་པའི་སྐབས་ ཨ་ལོ་དང་བཟའ་ཚང་གི་རྩོད་གཞི་འདི་ཚུ་ ཕྱི་སྟེ་ལུས་ནི་ཡོད་ཟེར་བཤད་ཅི།

ཨ་ལོའི་ཁྲིམས་ཁྲི་འདི་ནང་ལུ་ རྩོད་གཤེར་གྱི་བྱ་རིམ་ཚུ་གི་དོན་ལས་ གློག་བརྙན་གྱི་ཐོག་ལས་བརྡ་དོན་རྗེས་སོར་འབད་ནི་གི་ལམ་ལུགས་ལས་འགོ་བཙུགས་ཏེ་ ད་རེས་ནངས་པའི་ མཐུན་རྐྱེན་ཚུ་ག་ར་ བཙུགས་ཏེ་འདུག

ལམ་ལུགས་འདི་གི་ཐོག་ལས་ ཨ་ལོ་ཚུ་གིས་ ཉེས་འཛུགས་ཅན་ཚུ་ ངོ་མ་སྦེ་ར་འཕྱད་མ་དགོ་པར་ ངོས་འཛིན་འབད་ཚུགས་ནི་ཨིན་མས།

འདི་བཟུམ་སྦེ་ ཨ་ལོ་ཚུ་ལུ་ ནན་བསྐུལ་འབད་ནི་ལས་ བཀག་ཐབས་ལུ་ ལམ་ལུགས་འདི་གི་ཐོག་ལས་ དྲང་དཔོན་ཚུ་གིས་ ཨ་ལོ་ཚུ་ལུ་ དྲི་བ་ཡང་བཀོད་ཚུགས་ནི་ཨིན་མས།

དམིགས་གསལ་གྱི་ཁྲིམས་ཁྲི་འདི་ཡང་ ཨ་ལོའི་དབང་ཆ་དང་ འབྲུག་གི་ཨ་ལོའི་གཅེས་སྐྱོང་དང་ཉམས་སྲུང་གི་བཅའ་ཁྲིམས་འདི་གི་ གྲོས་ཚོགས་དང་འཁྲིལ་ གཞི་བཙུགས་འབད་ཡོདཔ་ཨིན།

བཅའ་ཁྲིམས་དང་འཁྲིལཔ་ད་ ཁྲིམས་ཁང་གི་ཁ་ཐུག་ལས་ ཉེས་ཅན་འབད་མི་དང་ ཁྲིམས་ལས་འགལ་བའི་ལཱ་འབད་མི་ཨ་ལོ་ཚུ་ལུ་ གཅེས་སྐྱོང་དང་ཉམས་སྲུང་འབད་དགོཔ་སྦེ་ཡོདཔ་ཨིན་མས།

དམིགས་བསལ་གྱི་ཁྲིམས་ཁྲི་འདི་ ན་ཧིང་སྤྱི་ཟླ་༡༡་པའི་ནང་ལས་ར་ ལག་ལེན་འཐབ་ཏེ་ཡོད་རུང་ འདི་ནང་ལུ་ཡོད་པའི་ ད་རེས་ནངས་པའི་མཐུན་རྐྱེན་ཚུ་ འཕྲལ་ཁམས་ཅིག་ཁར་རྐྱངམ་ཅིག་ བཙུགས་ནུག

མཐུན་རྐྱེན་ཚུ་བཙུགས་ནི་གི་དོན་ལས་ མ་དངུལ་རྒྱབ་སྐྱོར་འདི་ ཨི་ཊ་ལི་ལུ་ཡོད་པའི་ སེབ་ད་ཅིལ་ཌེརན་ཡིག་ཚང་གིས་ འབད་ཡོདཔ་ཨིན་མས།