གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༧

གནམ་སོ་ཁའི་འབྱ་ལཱ་ལས་བརྟེན་ཏེ་ འོད་གསལ་རྩེ་གི་མི་སེར་ཚུ་ལུ་ སྟབས་མ་བདེཝ་ཐོན་ཏེ་ཡོདཔ།

སྤྱི་ཟླ་༦ པའི་ཚེས་ ༢༨ ༢༠༡༧

༉ བསམ་རྩེ་ འོད་གསལ་རྩེ་རྒེད་འོག་གི་མི་ཚུ་གིས་སླབ་མི་ནང་ སོ་ནམ་དང་ནགས་ཚལ་ལྷན་ཁག་གིས་ གནམ་སོ་ཁའི་འབྱ་ལཱ་འབད་ནི་གི་ལས་རིམ་འགོ་བཙུགས་ཏེ་ཡོད་མི་འདི་གིས་ གནམ་བྱཱར་གྱི་ལྕང་ལཱ་རྐྱབ་ནི་འདི་ ཕྱི་དོ་ཟེར་བཤད་ཅི།

གནམ་སོ་ཁའི་འབྱ་ལཱ་གི་ལས་རིམ་འདི་ཡང་ ཤུལ་མའི་ཟླཝ་གཉིས་ཀྱི་རྒྱབ་ལས་རྐྱངམ་ཅིག་ བསྡུ་རན་ནི་ཨིན་མས།

གཡུས་ཁའི་མི་ཚུ་གིས་སླབ་མི་ནང་ ད་རེས་ལས་ ཟླཝ་གཅིག་གི་ནང་འཁོད་ ལྕང་ལཱ་ཚུ་རྐྱབ་ཚར་དགོཔ་ཅིག་ཨིན་རུང་ ལྷན་ཁག་གིས་ འབྱ་འདི་རང་ ད་ལྟོ་མ་འཚོ་བར་ཡོདཔ་ལས་ ག་དེ་སྦེ་འབད་ན་ཡང་ མ་ཤེས་པར་ཡོད་ཟེར་བཤད་ཅི།

ད་རུང་ ཁོང་གིས་སླབ་མི་ནང་ གནམ་སོ་ཁའི་འབྱ་ལཱ་འབད་ནི་གི་ལས་རིམ་འདི་ དུས་ཚོད་ཁར་ འགྱོ་བཏུབ་པ་ཅིན་ ཁོང་མི་སེར་སོ་ནམ་པ་ཚུ་གིས་ཡང་ འབྱ་ལཱ་འདི་ ལོ་རེ་ནང་ ཚར་གཉིས་རེ་འབད་ནི་གི་སེམས་ཤུགས་ཐོབ་ནི་མས་ཟེར་ཨིན་མས།

འདི་ལུ་ རྫོང་ཁག་སོ་ནམ་བལྟ་རྟོགས་པ་གིས་སླབ་མི་ནང་ གནམ་སོ་ཁའི་འབྱ་འདི་ཚུ་ ཟླཝ་ཕྱད་ད་གཉིས་དེ་ཅིག་གི་ནང་འཁོད་ བསྡུ་ཚུགས་ནི་ཨིནམ་ལས་ མི་སེར་སོ་ནམ་པ་ཚུ་ལུ་ ཐོ་མི་ཕོག་ཟེར་བཤད་ཅི།

ད་རུང་ ཁོ་གིས་སླབ་མི་ནང་ ལྕང་ལཱ་ཟླཝ་དག་པ་ཅིག་ཕྱི་མི་འདི་གིས་ རེད་ཀྱི་ཐོན་ཤུགས་ལུ་ ཐོ་མི་ཕོག་ཟེར་ཨིན་མས།

གནམ་སོ་ཁའི་འབྱ་ལཱ་གི་ལས་རིམ་དོན་ལས་ སོ་ནམ་དང་ནགས་ཚལ་ལྷན་ཁག་གིས་ འོད་གསལ་རྩེ་འོག་གི་མི་སེར་ཚུ་གི་ཨ་རིང་ ཨེ་ཀར་༢༠༠་དེ་ཅིག་ གླ་ཁར་ལེན་ཏེ་འདུག

ལས་རིམ་དེ་སྦེ་འགོ་བཙུགས་མི་འདི་ཡང་ འབྱ་ལཱ་འབད་ནི་ཡར་དྲག་བཏང་ནི་དང་ རྒྱལ་ཁབ་ནང་ལུ་ བཟའ་སྤྱོད་མ་འབད་བར་ཡོད་མི་ས་གཞི་འདི་ཚུ་ བཟའ་སྤྱོད་འབད་ནི་གི་དོན་ལས་ཨིན་མས།