གཟའ་ལྷག་པ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༢

ལྕང་རྒེད་འོག་གི་ རྒཔོ་བགྲེསཔ་ནག་ཀུ་དང་ གཞན་མི་ མི་༡༠་འབྲེལ་བ་ཡོད་པའི་ རྩོད་གཞི་གི་ སྣ་ཚོགས་སྙན་གསན།

སྤྱི་ཟླ་༦ པའི་ཚེས་ ༡༩ ༢༠༡༧

༉ ཐིམ་ཕུག་རྫོང་ཁག་ ཁྲིམས་ཀྱི་འདུན་ས་ལུ་ ལྕང་རྒེད་འོག་གི་ རྒཔོ་བགྲེསཔ་ནག་ཀུ་དང་ གཞན་མི་ མི་༡༠་འབྲེལ་བ་ཡོད་པའི་ རྩོད་གཞི་གི་ སྣ་ཚོགས་སྙན་གསན་འདི་ ད་རིས་ འགོ་འདྲེན་འཐབ་ཡོདཔ་ཨིན།

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཁོང་ཆ་ཁྱབ་ལུ་ ཡིག་ཆ་རྫུས་མ་བཟོ་མི་དང་ གཞུང་ས་ནང་ ཧམ་འཛུལ་འབད་མི་ དེ་ལས་ ནང་སུག་ལེན་པའི་ ཉེས་འཛུགས་བཀལ་ཡོདཔ་ཨིན།

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་དང་འཁྲིལཔ་ད་ ཁོང་ཆ་ཁྱབ་ཀྱིས་ ལྕང་རྒེད་འོག་ རྟ་ལ་ཁ་ལུ་ ཚེ་འདས་ཨ་ནི་ནོར་ཟོམ་གྱི་ས་ཆ་ སྤང་ཞིང་དྲིས་མཱལ་༤༩་ ཁྲིམས་འགལ་གྱི་ཐོག་ལས་ ཁྲམ་སྤོ་སོར་འབད་ནུག་ཟེར་ཨིན་མས།

ཤུལ་ལས་ སྤྱི་ལོ་༢༠༠༠་ལུ་ ས་ཁྲམ་གསར་བཞེངས་ ཞུན་དག་འབད་བའི་སྐབས་ ས་ཆ་འདི་གི་ཚབ་ལུ་ ཚལ་ལུ་མ་འཕེལ་ལས་འཇལ་ཏེ་ གཞུང་ས་ དྲིས་མཱལ་༡༣༤་ ནང་ལུ་ ཧམ་འཛུལ་འབད་ནུག་ཟེར་ཨིན་མས།

དེ་བསྒང་ ཨ་ནི་ནོར་ཟོམ་གྱི་ ས་ཆ་འདི་ རྩ་སྟོང་སྦེ་སྡོད་ཡོདཔ་ཨིན་མས།

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ས་ཆ་འདི་ཚུ་ གཞུང་ལུ་ལོག་སྟེ་ སོར་ཆུད་འབད་གནང་དགོ་པའི་ཁར་ དོགས་པ་ཅན་ཚུ་ལུ་ ཁྲིམས་ལུགས་དང་འཁྲིལ་ ཉེས་ཁྲིམས་བཀལ་དགོཔ་སྦེ་ཞུ་ཡི།