གཟའ་སྤེན་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༠

རི་དྭགས་སེམས་ཅན་གྱི་འབྲེལ་འཛིང་ལས་བརྟེན་ཏེ་ ལྕང་ལཱ་བརྐྱབ་ནི་ བཀོག་བཞག་ཡོདཔ།

སྤྱི་ཟླ་༦ པའི་ཚེས་ ༡༨ ༢༠༡༧

༉ བསམ་རྩེ་རྫོང་ཁག་ བཀྲ་ཤིས་ཆོས་གླིང་རྒེད་འོག་གི་ མི་སེར་ལ་ལོ་གཅིག་གིས་ ལྕང་ལཱ་བརྐྱབ་ནི་འདི་ བཀོག་བཞག་སྟེ་ཡོདཔ་ཨིན་མས།

འདི་གིས་འབད་ བཀྲིས་ཆོས་གླིང་རྒེད་འོག་གི་ སྦས་པོ་སྟེང་དང་རྐང་དུང་ཕུག་སྤྱི་འོག་ནང་ལུ་ བཟའ་སྤྱོད་འབད་བཏུབ་པའི་ས་ཆ་ ཨེ་ཀར་༧༠༠་དེ་ཅིག་ ཞིང་སྟོང་སྦེ་བཞག་སྟེ་ ལོ་༢༠་དེ་ཅིག་ལང་སྟེ་འདུག

མི་ཚུ་གིས་སླབ་མི་ནང་ ཁོང་ཆ་ཁྱབ་ཀྱིས་ ལྕང་ལཱ་མ་བརྐྱབ་མི་འདི་ཡང་ གཙོ་བོ་ར་ རི་དྭགས་གླངམོ་ཆེ་གིས་ གནོད་སྐྱོན་བརྐྱབ་ནི་འདི་གིས་ སྤྲོ་བ་ཞན་བཅུག་སྟེ་ཡོད་ཟེར་བཤད་ཅི།

ད་རུང་ མི་ཚུ་གིས་སླབ་མི་ནང་ ཁོང་གི་རྒེད་འོག་ནང་ལུ་ གློག་མེའི་ར་བ་འགོར་འབྱིན་ཏེ་ཡོད་རུང་ གླངམོ་ཆེ་ཚུ་འོང་བཞིནམ་ལས་ ལོ་ཐོག་མེདཔ་བཏང་སྟེ་ར་སྡོདཔ་མས་ཟེར་ཨིན་མས།

ཨིན་རུང་ རི་དྭགས་གླངམོ་ཆེ་ཚུ་ ཞིང་ཁར་འོང་ནི་ལས་ བཀག་ནི་གི་དོན་ལས་ ཐབས་ཤེས་ཅིག་ ག་ནི་ཡང་མེདཔ་སྦེ་ ཡར་སོང་ཡི་ཟེར་ཨིན་མས།

བཀྲིས་ཆོས་གླིང་འདི་ ཧེ་མ་ཚར་གཅིག་ ཆུམ་མ་ལངས་ལངསམ་སྦེ་སྡོད་མི་ གཡུས་ཚན་ཅིག་ཨིན་རུང་ ད་རེས་འབད་བའི་བསྒང་ལས་ ཆུམ་འདི་ཚུ་ རྒྱ་གར་གྱི་ཉེས་འདབས་ཁྲོམ་ཚུ་ནང་ལས་ ནང་འདྲེན་འཐབ་བཟའ་དགོཔ་ཐོན་ཏེ་འདུག

མི་ཚུ་གིས་སླབ་མི་ནང་ ལོག་སྟེ་ བྱཱ་གི་ལཱ་འབད་ནི་གི་ཐད་ལུ་ ནམ་ཅིག་གི་ཚེ་ འབད་ཚུགས་པའི་རེ་བ་ཡོད་ཟེར་བཤདཔ་ཨིན་མས།