གཟའ་སྤེན་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༠

ཐིམ་ཕུག་ལུ་ མགར་ས་ལས་ ཚོད་བསྲེ་ཤོ་ཐེངས་དང་པ་སྐྱེལ་ཡོདཔ།

སྤྱི་ཟླ་༦ པའི་ཚེས་ ༡༦ ༢༠༡༧

༉ མགར་ས་རྫོང་ཁག་གིས་ ཐིམ་ཕུག་གི་བཟའ་ཁང་ཚུ་གི་དོན་ལས་ རང་བཞིན་གྱི་སྦེ་འཚོ་བའི་ ཚོད་བསྲེ་ཤོ་ཐེངས་དང་པ་འདི་ ཕྲལ་ཁམས་ཅིག་ཁར་ སྐྱེལ་ཡི།

འདི་ཡང་ དུས་ཅི་ སྤྱི་ཟླ་༢་པའི་ནང་ མགར་ས་རྫོང་ཁག་འདི་གིས་ ཐིམ་ཕུག་གི་བཟའ་ཁང་ དག་པ་ཅིག་ནང་ལུ་ རང་བཞིན་གྱི་སྦེ་འཚོ་ཡོད་པའི་ ཅ་སྒོགཔ་དང་ལ་ཕུག་དམརཔོ་ དེ་ལས་ ཀེ་བ་ཚུ་བཀྲམ་སྤེལ་འབད་ནི་སྦེ་ གོ་བརྡའི་ཆིངས་ཡིག་གཅིག་གུ་ མཚན་རྟགས་བཀོད་མི་དང་འཁྲིལ་ཏེ་ཨིན་མས།

ད་རུང་ ཆིངས་ཡིག་འདི་དང་འཁྲིལ་བ་ཅིན་ མགར་ས་ལས་ བདུན་ཕྲག་ཨ་རྟག་ར་ ཚོད་བསྲེ་ཀེ་ལྗིད་སྟོང་ཕྲག་༣་དེ་རེ་ བཀྲམ་ནི་སྦེ་ཨིནམ་ད་ ལོ་གཅིག་ནང་འབད་བ་ཅིན་ ཚོད་བསྲེ་ མེ་ཊིག་ཊཱོན་༧༠་ལྷགཔ་ཅིག་གི་རྩིས་ཨིན་མས།

ཚོད་བསྲེ་དེ་སྦེ་བཀྲམ་ནི་གི་ལས་འགུལ་འདི་ཡང་ མགའ་ས་རྫོང་ཁག་གི་ འཆར་སྣང་གི་ ཡན་ལག་ཅིག་ཨིན་མས།

མགར་ས་རྫོང་ཁག་འདི་ནང་ལུ་ ཚོད་བསྲེ་གི་ལཱ་འདི་ཚུ་ཡང་ ལོ་དག་པ་ཅིག་གི་ཧེ་མ་གཞི་བཙུགས་འབད་དེ་ཡོད་མི་ མི་སེར་སོ་ནམ་པའི་མཉམ་ལས་ཚོགས་པ་ཅིག་ཡོད་མི་འདི་གིས་ འབདཝ་ཨིན་མས།

མགར་ས་རྫོང་བདག་ རྡོ་རྗེ་དགྲ་འདུལ་གྱིས་སླབ་མི་ནང་ མགར་ས་རྫོང་ཁག་ནང་ལས་ ཚོད་བསྲེ་དེ་སྦེ་བཀྲམ་ནི་གི་ལཱ་འདི་ གཞན་གྱི་དོན་ལུ་ཆུང་ཀུ་གཅིག་ཨིན་ཏེ་འབད་རུང་ མགར་ས་རྫོང་ཁག་གི་དོན་ལུ་ རང་མགོ་རང་དྲོངས་སྒྲུབ་ནི་ནང་ལུ་ གོ་རིམ་སྦོམ་ཤོས་ཅིག་ཨིན་ཟེར་བཤད་ཅི།

ཨིན་རུང་ ལཱ་འདི་གདོང་ལེན་ཅན་ཅིག་འབདཝ་ལས་ སོ་ནམ་དང་ནགས་ཚལ་ལྷན་ཁག་དང་ གཞན་མི་འབྲེལ་བ་ཡོད་པའི་ ལས་སྡེ་ཚུ་གི་ཁ་ཐུག་ལས་ རྒྱབ་བསྐྱོར་ཐེབས་སྦེ་གནང་ཚུགས་པ་ཅིན་ཟེར་བའི་ རེ་བ་བསྐྱེད་དོ་ཟེར་ཨིན་མས།

དེ་སྦེ་ རང་བཞིན་གྱི་འཚོ་པའི་ཚོད་བསྲེ་ཚུ་ བཀྲམ་སྤེལ་འབད་མི་འདི་ བཟའ་ཁང་ཚུ་གི་དོན་ལུ་ ཕན་ཐོགས་ཅན་ཅིག་སྦེ་འཐོན་ཏེ་ཡོདཔ་ད་ འདི་ཡང་ རང་བཞིན་གྱི་འཚོ་པའི་ ཚོད་བསྲེ་ཚུ་ རྒྱུན་ཆད་མེད་པར་ བཀྲམ་མི་ མེད་མི་ལུ་བརྟེན་ཨིན་མས།

ད་རུང་ མགར་ས་རྫོང་ཁག་གི་ཁ་ཐུག་ལས་ ཚོད་བསྲེ་གཞན་མི་ཚུ་ཡང་ ལཱ་འབད་ཞིནམ་ལས་ ཚོང་ལཱ་འདི་ རྫོང་ཁག་གཞན་ཚུ་ནང་ལས་ཕར་ཡང་ རྒྱ་བསྐྱེད་འབད་ནིའི་ འཆར་གཞི་འདུག