གཟའ་སྤེན་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༠

དགེ་ལེགས་ཕུག་ལུ་ ནོ་ཨརཝ་བརྐུ་བའི་བྱ་ངན་ཡར་སེང་འགྱོ་དོ་ཡོདཔ།

སྤྱི་ཟླ་༦ པའི་ཚེས་ ༡༣ ༢༠༡༧

༉ དགེ་ལེགས་ཕུག་གི་ཁྲིམས་སྲུང་འགག་པ་གིས་ ཕྲལ་ཁམས་ཅིག་ཁར་ ནོ་ཨརཝ་བརྐུ་བཞིནམ་ལས་ བཙོང་ཡོད་པའི་བྱ་ངན་ལས་བརྟེན་ཏེ་ ལོ་ན་མ་སྨིན་པའི་བུཚ་གཉིས་བཟུང་ནུག

ཨིན་རུང་ བྱ་ངན་འདི་ནང་ལུ་ ད་རུང་རང་ བུཚ་གཞན་མི་ཅིག་གྲལ་གཏོགས་ཡོད་མི་འདི་ ཁྲིམས་སྲུང་འགག་པ་གིས་ འཚོལ་མ་ཐོབ་པར་ཡོདཔ་ཨིན་མས།

བུཚ་གཉིསཔ་འདི་ཡང་ ཨརཝ་བརྐུ་བཞིནམ་ལས་བཙོང་ཡོད་མི་ ནོར་གྱི་ཏི་རུབ་ ལེན་པ་འགྱོ་བའི་ལམ་ཁར་ ཆུ་གཟང་སྒང་རྒེད་འོག་གི་ ཟླ་བ་ཐང་གཡུས་ཚན་གྱི་ མི་ཚུ་གིས་ བཟུང་ཞིནམ་ལས་ ཁྲིམས་སྲུང་འགག་པ་ལུ་རྩིས་སྤྲོད་འབད་དེ་འདུག

ཁོང་བུཚ་ཆ་ཁྱབ་ཀྱིས་ བྱ་ངན་འདི་ཡང་ སྤྱི་ཟླ་འདི་སྤྱི་ཚེས་༦་གི་ནུབ་མོ་ ཆུ་གཟང་སྒང་ ཟླ་བ་ཐང་གཡུས་ཚན་ནང་ལས་ གླང་༢་ཨརཝ་བརྐུ་བཞིནམ་ལས་ ས་མཚམས་ཕར་ཁ་ བཙོང་ནུག་ཟེར་ཨིན་མས།

ཨིན་རུང་ ཁྲིམས་སྲུང་འགག་པ་གིས་ གླང་༢པོ་འདི་ སྲོག་སྐྱབས་འབད་ཚུགས་ཏེ་འདུག

དགེ་ལེགས་ཕུག་གི་ ཁྲིམས་སྲུང་འགག་པ་གིས་སླབ་མི་ནང་ དགེ་ལེགས་ཕུག་གི་ས་གནས་འདི་ ས་མཚམས་དང་ ཐ་ཉེས་མི་དང་ འབྲུག་མི་ཚུ་གིས་ ཤ་མཁོ་འདོད་བསྐྱེད་མི་ མང་སུ་ཡོད་མི་ལས་བརྟེན་ ནོར་ཨརཝ་བརྐུ་མི་གི་ བྱ་ངན་འདི་ ཡར་སེང་འགྱོཝ་མས་ཟེར་བཤད་ཅི།

འདི་ཡང་ འདས་པའི་ཟླཝ་༦་གི་ནང་ལུ་ ཁྲིམས་སྲུང་འགག་པ་གིས་ ནོ་ཨརཝ་ཤོར་བའི་ སྙན་ཞུ་༧་ ཐོ་བཀོད་འབད་ཡོད་རུང་ ན་ཧིང་འབད་བ་ཅིན་ ༣་ལས་བརྒལ་ མ་འཐོན་པས།

གཞལ་སྒང་ལས་ཨིན་མི་ དོགས་པ་ཅན་༢པོ་འདི་ལུ་ མ་བྱིན་ལེན་པའི་ཉེས་འཛུགས་བཀལ་ནི་ཨིནམ་ད་ ག་དེམ་ཅིག་སྦེ་ ཁྲིམས་ཚད་འཐོབ་པ་ཅིན་ འབྲུག་གི་ཉེས་འགལ་ཁྲིམས་དེབ་དང་འཁྲིལ་ རིན་གོང་དང་བསྟུན་པའི་ ཉེས་ཁྲིམས་ཚུ་ཕོགས་ནི་ཨིན་མས།